24530

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་བསྙེན་མའི་འཁོར་རྣམ་པ་བཞི་ (1)
Part of speech མིང་ཚིག
Definition འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས་བྱུང་བ་སྟེ། ༡ དད་པ་དང་ལྡན་པའི་དགེ་བསྙེན་མ་ནི། དེ་སྐྱེ་བ་གཞན་དུ་ལེགས་པར་བསྒོས་པའི་རྒྱུད་དང༌། བསྒོས་པའི་སེམས་དང༌། འཇམ་པོར་སེམས་བསྒོས་པ་དང༌། ལེགས་པར་བསྒོས་པའི་རྒྱུད་དང་ལྡན་པས་སངས་རྒྱས་ཀྱི་གསུང་རབ་ཅུང་ཟད་ཙམ་ཡང་ཐོས་ནས་ལེགས་པར་རྟོགས་སོ། །ཡོངས་སུ་རིག་པར་འགྱུར་རོ། །རོ་མྱང་བར་བྱེད་དོ། །འཇུག་པར་ཡང་བྱེད་དོ། །དེའི་སེམས་ཆོས་འདུལ་བ་དེ་ལ་ཤིན་ཏུ་ལེགས་པར་གནས་པར་བྱས་ནས་སྡོམ་པ་ལེན་ལ་འཛིན་བར་ཡང་བྱེད་དོ། །བུད་མེད་ཀྱི་སེམས་ཀྱིས་ཀྱང་མི་འཕྲོག་གོ ། གཞན་མུ་སྟེགས་ཅན་གྱི་ཚིག་ཉེ་བར་རྙེད་པས་ཀྱང་སེམས་མི་འཕྲོག་གོ ། གཞན་མུ་སྟེགས་ཅན་རྣམས་དང་ལྷན་ཅིག་ཏུ་གླེང་བསླབ་ཡང་མི་བྱེད་དོ། །སངས་རྒྱས་ལ་སོགས་པ་འབའ་ཞིག་ལ་སེམས་ཤིན་ཏུ་རབ་ཏུ་དང་བར་འགྱུར་རོ། །བསླབ་པའི་གཞི་ལྔ་ཀའང་དུས་གཅིག་ཉིད་དུ་པུས་མོ་བཙུགས་ནས་ལེན་ནོ། །དགེ་བསྙེན་མ་འདི་ནི། དད་པ་ཅན་ཞེས་བྱའོ། ། ༢ དགེ་བསྙེན་མ་རིགས་སུ་རིམ་གྱིས་སྐྱེས་པ་ནི། འདི་ན་རིགས་སུ་གྱུར་པ་ནི། བཟང་པོ། ཆོས་བྱེད། ཆོས་སྐྱབས་གནས་སུ་བྱེད་པ། ཆོས་སྐྱོབ་པར་བྱེད་པ། ཆོས་དཔུང་གཉེན་དུ་བྱེད་པ། ཆོས་ཀྱི་རིགས་རྒྱུད་ཅན། ཆོས་ལ་སྙིང་པོར་བྱེད་པ། ནེམ་ནུར་མེད་པར་སྤྱོད་པ། རྒོལ་བ་གཞན་རྣམས་ཀྱིས་ནམ་ཡང་ཉེ་བར་འཇོམས་པར་མི་འགྱུར་བ། རྟག་ཏུ་དགེ་བསྙེན་གྱི་ཁྱིམ་དུ་འགྱུར་བ་དང༌། སངས་རྒྱས་ལ་སོགས་པ་རྣམས་ལའང་ཤིན་ཏུ་རབ་ཏུ་དང་བར་འགྱུར་རོ། །དེ་དག་གི་རིགས་སུ་བུ་མོ་གང་སྐྱེས་པ་དེ་རིགས་སུ་རིམ་གྱིས་སྐྱེས་པ་ནས་དེ་སངས་རྒྱས་ཀྱི་གསུང་རྣམས་ཉན་ནོ། །ཉན་པ་ལས་རྙེད་ནས་དེའི་དོན་དུ་གཅིག་ཏུ་དེ་ལ་ཉན་ནོ། །དེ་རྟག་ཏུ་ལུས་བསྒོམས་པར་གྱུར་པའི་རྒྱུད་ཅན། རྒྱུད་ཡོངས་སུ་བསྒོམས་པར་གྱུར་པའི་དགེ་བསྙེན་མའོ། ། ༣ བཏུལ་བ་ཞེས་བྱ་བའི་དགེ་བསྙེན་མ་ནི། གང་དང་པོ་ཉིད་ནས་དད་པ་དང་ལྡན་པར་གྱུར་པ་ལ་སངས་རྒྱས་ལ་སོགས་པ་ལ་ནི། རབ་ཏུ་དད་པར་མ་གྱུར་པའོ། །དེ་གལ་ཏེ་དགེ་བའི་བཤེས་གཉེན་དང་བསྟེན་པས་དད་པ་སྐྱེད་པར་བྱེད་ལ་བསྟེན་པས་བྱས་པའི་ཡོན་ཏན་གྱིས་སྡོམ་པ་ཡང་ཡོངས་སུ་རྫོགས་པའམ། ཕྱོགས་གཅིག་པའམ། སྣ་འགའ་སྤྱོད་པ་རྣམས་ཀྱང་འཛིན་པར་བྱེད་དོ། །དགེ་བསྙེན་མ་བཏུལ་བ་ཞེས་བྱ་བ་ནི། དེ་ཡིན་ནོ། ། ༤ དགེ་བསྙེན་མ་གནས་ལྷན་ཅིག་ཏུ་བྱས་པ་ནི། འདི་ན་གང་ཡང་གཞན་མུ་སྟེགས་ཅན་དང་ལྷན་ཅིག་ཏུ་བརྗོད་པར་གྱུར་ལ་དེ་དག་དང་ཡང་ལྷན་ཅིག་ཏུ་གནས་པར་བྱེད་ལ་དེ་དག་གི་སྤྱོད་ལམ་རྣམས་ཀྱང་ཉེ་བར་འཛིན་པར་བྱེད་དོ། །ཉེ་བར་བཟུང་ནས་ཀྱང་གལ་ཏེ་དགེ་སྦྱོང་ཉེ་བར་འོངས་པར་གྱུར་ན་དེ་དེ་དག་རྣམས་ཀྱི་སྤྱོད་ལམ་ཡང་ཉེ་བར་འཛིན་པར་བྱེད་དོ། །དེ་ཡང་ཁྱད་པར་དུ་གྱུར་པ་ཁོ་ནའི་དབྱིབས་སུ་གྱུར་པ་དང༌། ཟས་ལ་སྤྱོད་པ། ཆོས་གོས་གྱོན་པ་དང༌། འགྲོ་བ་དང་འོང་བའི་ཡོན་ཏན་རྣམས་རབ་ཏུ་ཞི་བའི་སྤྱོད་ལམ་མཐོང་ནས་སྐྱབས་སུ་འགྲོ་བའི་རིམ་གྱིས་གཞན་མུ་སྟེགས་ཅན་རྣམས་དང༌། དགེ་སྦྱོང་རྣམས་ལས་ཁྱད་པར་དུ་འཕགས་པ་ལེགས་པར་གྱུར་པས་སངས་རྒྱས་ལ་སོགས་པ་ལ་རབ་ཏུ་དང་བ་དང༌། དེས་གདུལ་བའང་ཡིན་ལ་སྡོམ་པའང་འཛིན་པར་བྱེད་དོ། །འདི་ནི། གནས་ལྷན་ཅིག་ཏུ་བྱས་པ་ཞེས་བྱ་བའི་དགེ་བསྙེན་མ་ཡིན་ནོ། །
Domain ཆོས་ལུགས།