24555

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་ཚུལ་གྱི་རགས་སྡོམ་བཅུ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། རགས་སྡོམ་ལ་ཞིབ་མོར་དབྱེ་ན་སུམ་ཅུ་སོགས་སུ་འགྱུར་བའི་རགས་པ་བཅུ་ནི། ༡ མིའམ་མིར་ཆགས་པའི་སྲོག་བཅད་པ་དང། ༢ རིན་ཐང་ཚང་བའི་དངོས་པོ་རྐུ་བ། ༣ མི་ཚངས་པར་སྤྱོད་པ། ༤ མི་ཆོས་བླ་མའི་རྫུན་སྨྲ་བ། ༥ མྱོས་འགྱུར་འཐུང་བ། ༦ རྒོད་བག་གིས་གླུ་གར་རྩེ་ཞིང་རོལ་མོ་འཁྲོལ་བ་སྟེ་གར་སོགས་གསུམ་དང། ༧ འཕྱོར་སྒེག་གིས་རྒྱན་ཕྲེང་འདོགས་པ་དང་ཁ་དོག་འཆང་བ་སྤོས་བྱུག་པ་སྟེ་ཕྲེང་སོགས་གསུམ། ༨ རྒྱུ་རིན་ཐང་ཅན་དང་ཁྲུ་གང་ལས་ལྷག་པའི་མལ་ཆེ་མཐོ། ༩ ཕྱི་དྲོ་དུས་རུང་གི་ཟས་ལ་སྤྱོད་པ། ༡༠ གསེར་དངུལ་ལེན་པ་རྣམས་སྤོང་བའོ། །སྔ་མ་བཞི་ལ་རྩ་བ་ཞེས་བྱ་སྟེ། དགེ་སློང་གི་སྐབས་སུ་འཆད་འགྱུར་ལྟར་གཞི་བསམ་སྦྱོར་བ་མཐར་ཐུག་གི་ཡན་ལག་ཚང་ན་ཕམ་འདྲའི་ཉེས་བྱས་སུ་འགྱུར་ཞིང། འཆབ་མེད་གསོར་རུང་དང་འཆབ་བཅས་གསོར་མི་རུང་བའང་དགེ་སློང་དང་འདྲ་སྟེ། འོད་ལྡན་ལས། མི་གསོད་ལ་སོགས་བཞི་རྣམས་ཀྱི། །དགེ་ཚུལ་ལས་ནི་ཉམས་གྱུར་ན། །དགེ་སློང་བཞིན་དུ་དགེ་ཚུལ་ལའང། །ཕྱིས་ནས་སྡོམ་སྐྱེའི་སྐལ་བ་མེད། །ཅེས་སྡོམ་གསུམ་འཇམ་དབྱངས་བླ་མའི་དགོངས་རྒྱན་གྱི་རྣམ་འགྲེལ་ལས་སོ། །
Domain ཆོས་ལུགས།