24581

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་འདུན་གྱི་དབྱེན་ (1)
Part of speech མིང་ཚིག
Definition མཚམས་མེད་ལྔའི་ནང་གསེས་ཤིག མི་འཕྲོད་པའི་རང་བཞིན་དུ་གྱུར་པ་ལྡན་པ་མ་ཡིན་པའི་འདུ་བྱེད་རྫས་སུ་གྲུབ་པ་ཞིག་སྟེ། དེ་ཡང་ཉོན་མོངས་པ་ཅན་ཡང་མིན་ལ་དགེ་བར་ལུང་བསྟན་པའང་མིན་པའི་ཕྱིར་མ་བསྒྲིབས་ལ་ལུང་མ་བསྟན་པའོ། །དེ་ལྟ་བུའི་དབྱེན་དེ་ནི་ཕྱོགས་གཉིས་ཀྱི་དགེ་འདུན་ལ་ཡང་དག་པར་ལྡན་ལ་མཚམས་མེད་པའི་ལས་ནི་མ་ཡིན་ཏེ། ལས་དེ་ཡང་དགེ་འདུན་གྱི་དབྱེན་དེའི་རྒྱུ་ཁ་ན་མ་ཐོ་བའི་ལས་ཏེ་དགེ་འདུན་འབྱེད་པར་བྱེད་པའི་རྫུན་ནོ། །དེ་ནི་མཚམས་མེད་ཡིན་ལ། དེ་དང་ནི་དགེ་འདུན་འབྱེད་པར་བྱེད་པ་པོ་ལྷས་བྱིན་ལ་སོགས་པ་ཡང་དག་པར་ལྡན་ནོ། །རྒྱུ་ལ་འབྲས་བུ་བཏགས་པའམ། འདིས་འབྱེད་པར་བྱེད་པས་ན་དགེ་འདུན་གྱི་དབྱེན་ལ་མཚམས་མེད་པ་ཞེས་བཤད་དོ། །དགེ་འདུན་གྱི་དབྱེན་གྱི་མཚམས་མེད་པའི་ལས་དེའི་རྣམ་སྨིན་གྱིས་འབྱེད་པ་པོ་དེ་བར་གྱི་བསྐལ་བར་མནར་མེད་པའི་དམྱལ་བར་སྡུག་བསྔལ་རྣམ་པར་སྨིན་པར་འགྱུར་རོ། །དེས་མཚམས་མེད་གཉིས་སམ་གསུམ་སོགས་བྱས་ན་གནོད་པ་ལྷག་པར་འགྱུར་ཏེ། ཚོར་བ་མྱོང་བར་འགྱུར་བའི་ལུས་ཆེན་པོ་དང་། ཤིན་ཏུ་གཞོན་ཤ་ཅན་གྱི་ལུས་འཐོབ་ཅིང་། གནོད་པ་ཡང་རབ་ཏུ་མང་བ་དང་ཤིན་ཏུ་མི་བཟད་པར་འགྱུར་བའི་ཕྱིར་རོ། །འབྱེད་མཁན་ནི་དགེ་སློང་ལྟ་བ་སྤྱད་པ་ཁོ་ནས་འབྱེད་ཀྱི་སྲེད་པ་སྤྱད་པས་ནི་མ་ཡིན་ནོ། །དེ་ཡང་ཚུལ་དང་ལྡན་པས་འབྱེད་ཀྱི་ཚུལ་ཉམས་པས་མ་ཡིན་ཏེ། དེའི་ཚིག་མི་བཙན་པའི་ཕྱིར་རོ། །འབྱེད་ཡུལ་ནི་སྟོན་པ་བཞུགས་པ་དེ་ལས་གཞན་དུའོ། །འབྱེད་པའི་གཞི་ནི་བྱིས་པ་རྣམས་ཏེ་སོ་སོ་སྐྱེ་བོའི་དགེ་འདུན་ནོ། །བྱེ་བའི་ཚད་ནི། དེ་དག་གིས་དེ་བཞིན་གཤེགས་པ་ལས་གཞན་པའི་སྟོན་པ་དང་། དེས་བསྟན་པའི་ལམ་ལས་གཞན་པའི་ལམ་ལ་བཟོད་པ་དེ་ཙམ་གྱིས་དགེ་འདུན་བྱེ་བའོ་ཞེས་བརྗོད་དོ། །བྱེ་བའི་ཡུན་ནི་ནུབ་གཅིག་ལས་མི་གནས་སོ། །བྱེ་ན་གདོན་མི་ཟ་བར་ནམ་མ་ལངས་པ་ཉིད་དུ་དགེ་འདུན་སླར་བཟླུམ་པར་འགྱུར་རོ། །དབྱེན་དུ་བཤད་པ་དེ་ནི་ལམ་འཛུགས་པའི་གེགས་སུ་གྱུར་པའི་ཕྱིར། དེས་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་ཕྱེ་བར་སོང་བ་ཡིན་ཏེ། དེའི་ཕྱིར་འཁོར་ལོའི་དབྱེན་དུ་འདོད་དོ། །འབྱེད་སའི་གླིང་ནི་འཛམ་བུའི་གླིང་ཁོ་ན་ནའོ། །འབྱེད་གཞི་དགེ་འདུན་གྱི་གྲངས་ནི་དགེ་སློང་བརྒྱད། འབྱེད་པ་པོ་དང་དགུ་ཡོང་བ་ནས་སོགས་ཀྱིས་མང་པོའི་བར་རོ། །འཁོར་ལོའི་དབྱེན་མི་འབྱུང་བའི་དུས་ནི། དང་པོ་ཆོས་ཀྱི་འཁོར་ལོ་བསྐོར་ནས་རིང་པོར་མ་ལོན་པ་དང་ཐ་མ་བཅོམ་ལྡན་འདས་མྱ་ངན་ལས་འདའ་བའི་ཚེ་དགེ་འདུན་ཤ་གཅིག་པས་དང་། བར་དུ་ཡང་བསྟན་པ་ལ་ཚུལ་ཁྲིམས་ཀྱི་སྐྱོན་དང་ལྟ་བའི་སྐྱོན་མ་བྱུང་གི་བར་དུ་དང་། མཆོག་ཟུང་གཅིག་མ་བྱོན་པའི་སྔོན་རོལ་དང་། ཐུབ་པ་ནོངས་པ་དང་མཚམས་མ་བཅད་པ་དག་ཏུ་ཡང་དེ་མཚམས་གཅིག་གི་ནང་དུ་ཕྱོགས་གཉིས་སུ་གནས་པ་བྱེ་བར་བརྗོད་པས། དྲུག་པོ་དེ་དག་ཏུ་འཁོར་ལོའི་དབྱེན་ནི་མི་འབྱུང་ངོ་། །དགེ་འདུན་དབྱེན་ནི་གང་ཞིག་ཆོས་དང་ཆོས་མ་ཡིན་པ་ཤེས་བཞིན་དུ་དགེ་འདུན་དབྱེ་བའི་ཕྱིར་བརྫུན་དུ་སྨྲ་ན་ལོག་པར་སྟོན་པའི་ཕྱིར་ཉེས་པར་སྤྱོད་པ་ཐམས་ཅད་ཀྱི་ནང་ནས་ཁ་ན་མ་ཐོ་བ་དང་བཅས་པ་རབ་ཏུ་ཆེ་ཤོས་ཡིན་ནོ། །
Domain ཆོས་ལུགས།