24593

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་འདུན་གྲུབ་ (1)
Part of speech མིང་ཚིག
Definition རྗེ་ཙོང་ཁ་པ་ཆེན་པོའི་དངོས་སློབ་རྒྱལ་དབང་སྐུ་ཕྲེང་དང་པོ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་མཆོག་ནི། གཙང་རུ་ལག་གི་སའི་ཆ་དཔལ་ལྡན་ས་སྐྱའི་ཉེ་འདབས་སྲད་ཀྱི་ལུང་ལག་གུར་མོ་རུ་བ་ཞེས་པའི་འབྲོག་སྡེ་ཞིག་ཏུ་ཡབ་མགོན་པོ་རྡོ་རྗེ་དང༌། ཡུམ་ཇོ་མོ་ནམ་མཁའ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བདུན་པའི་ལྕགས་ལུག་ཕྱི་ལོ་༡༣༩༡ ལོར་སྐུ་བལྟམས། དཔལ་སྣར་ཐང་གི་མཁན་རབས་བཅུ་བཞི་པའི་སྤྲུལ་སྐུ་རྗེ་གྲུབ་པ་ཤེས་རབ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས། མཚན་པདྨ་རྡོ་རྗེ་རང་སོར་བཞག དགུང་ལོ་བཅོ་ལྔ་པ་ཤིང་བྱ་ཕྱི་ལོ་༡༤༠༥ ལོར་དཔལ་སྣར་ཐང་གི་མཁན་ཆེན་གྲུབ་པ་ཤེས་རབ་དང་། ཆེན་པོ་བློ་ལྡན་གཉིས་ཀྱི་དྲུང་ལས་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་མནོས་ཏེ་མཚན་དགེ་འདུན་གྲུབ་པ་དཔལ་ཞེས་གསོལ། སྣར་ཐང་གི་པཎྜི་ཏ་ཆེན་པོ་སངྒྷ་ཤྲཱི་ལ་རིག་གནས་དང་གཏུམ་པོ་དཀར་པོའི་རྗེས་གནང་སོགས་ཆོས་བཀའ་མང་དུ་གསན། དགུང་ལོ་ཉི་ཤུ་པ་ལྕགས་སྟག་ཕྱི་ལོ་༡༤༡༠ ལོར་གྲུབ་པ་ཤེས་རབ་ཀྱིས་མཁན་པོ་དང༌། སློབ་དཔོན་ཆེན་པོ་བློ་ལྡན་པས་ལས་ཆོག་པ་དང༌། ཆེན་པོ་གྲགས་པ་ཤེས་རབ་པས་གསང་སྟེ་སྟོན་པ་མཛད་དེ་བསྙེན་པར་རྫོགས་པའི་དགེ་སློང་གི་དངོས་པོ་བརྙེས། སྔགས་དང་རྣམ་འགྲེལ་སོགས་གསན། དགུང་ལོ་ཉེར་ལྔ་པ་ཤིང་ལུག་ཕྱི་ལོ་ ༡༤༡༥ ལོར་ཁྲ་འབྲུག་ཏུ་སེམས་པ་ཆེན་པོ་ཀུན་བཟང་དང༌། ཐང་སོ་ཆེར་རོང་སྟོན་ཤཱཀྱ་རྒྱལ་མཚན་གྱི་ཞབས་ལ་གཏུགས་ནས་དབུ་མ་དང་ཕར་ཕྱིན་གསན། འོན་བཀྲ་ཤིས་རྡོ་ཁར་རྗེ་ཙོང་ཁ་པ་དང་མཇལ་ཏེ་ཚད་མ་རྣམ་ངེས། དྲང་ངེས་རྣམ་འབྱེད། རྩ་ཤེ། བླ་མ་ལྔ་བཅུ་པ། རྩ་ལྟུང་རྣམ་བཤད་སོགས་མང་དུ་ཞུས། རྒྱལ་ཚབ་དང་མཁས་གྲུབ་རྗེ་ལས་ཀྱང་ཆོས་ཞུས། ཐང་པོ་ཆེར་ཉི་མ་རྒྱལ་མཚན་ལས་གསང་སྔགས་ཀྱི་ཆོས་མང་དུ་གསན། དགུང་ལོ་ཉེར་བདུན་བཞེས་པ་ནས་འབྲས་སྤུངས་དགོན་དང་སེ་ར་ཆོས་སྡིངས། འཕན་ཡུལ་གྲོ་པ་སོགས་སུ་བྱོན། དམར་སྟོན་དཔལ་ལྡན་རིན་ཆེན་དང༌། རྒྱ་མཚོ་རིན་ཆེན་གཉིས་ལས་ལོ་གཉིས་རིང་མདོ་རྩ་བ་དང་མངོན་པ་ལེགས་པར་གསན། དགུང་ལོ་སོ་ལྔ་པ་ཤིང་སྦྲུལ་ཕྱི་ལོ་༡༤༢༥ ལོར་གསང་ཕུའི་འཆད་ཉན་མཛད། སོ་དྲུག་པ་མེ་རྟ་ཕྱི་ལོ་ ༡༤༢༦ ལོར་རྗེ་ཤེས་རབ་སེང་གེ་དང་ལྷན་དུ་གཙང་ལ་ཕེབས། བྱ་ཆེན། རི་ཁུད། བྲག་དམར་སོགས་སུ་བཞུགས། འཆད་ཉན་སྨར་ཞིང་གྲ་ཚོགས་འཕེལ་བར་མཛད། ལ་སྟོད་ལྷོ་བྱང་རྣམས་སུ་བྱ་བྲལ་འཆད་ཉན་མཛད། དགུང་ལོ་ཞེ་གཉིས་པར་བོ་དོང་ཕྱོགས་ལས་རྣམ་རྒྱལ་དང་མཇལ་ཏེ། ཐམས་ཅད་མཁྱེན་པ་ཞེས་པའི་མཆན་གསོལ། དགུང་ལོ་ང་བདུན་པ་རབ་བྱུང་བརྒྱད་པའི་མེ་ཡོས་ཕྱི་ལོ་ ༡༤༤༧ ལོར་བཀྲ་ཤིས་ལྷུན་པོ་དཔལ་གྱི་ཆོས་སྡེ་ཆེན་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་ཕྱག་བཏབ། ལོ་ཉི་ཤུ་རྩ་བརྒྱད་ཀྱི་བར་བསྟན་པའི་བདག་པོ་མཛད་དེ་འཆད་ཉན་ནམ་ཡང་ཆག་པ་མེད་པར་གནང༌། དགུང་ལོ་གྱ་བཞི་པ་རབ་བྱུང་བརྒྱད་པའི་ཤིང་རྟ་ཕྱི་ལོ་ ༡༤༧༤ ལོའི་བོད་ཟླ་བཅུ་གཉིས་པའི་བདུན་ཉིན་སྲས་ཀྱི་ཐུ་བོ་འདུལ་འཛིན་དཔལ་ལྡན་བཟང་པོ་སོགས་སྐུ་དྲུང་དུ་བོས་ནས་ཞལ་བཀོད་རིམ་པར་མཛད་ནས་སྐུ་གཤེགས།

{{#arraymap:དགེ་འདུན་གྲུབ་

|; |@@@ | | }}