24595

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་འདུན་ཆོས་འཕེལ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅོ་ལྔ་པའི་ཆུ་ཡོས་ཕྱི་ལོ་ ༡༩༠༣ ལོར་མདོ་སྨད་རེབ་ཀོང་ཞོ་འཕོང་དུ་ཡབ་ཨ་ལགས་རྒྱལ་པོ་དང་། ཡུམ་པདྨ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། བྱིས་དུས་ནས་བློ་རིག་རྒྱས། རྡོར་གྲགས་སྤྲུལ་སྐུའི་ཡང་སྲིད་དུ་ངོས་བཟུང་། གཡའ་མ་བཀྲ་ཤིས་འཁྱིལ་དགོན་པར་བཞུགས། སུམ་རྟགས་དག་གསུམ་ལ་སྦྱངས། བཅོ་ལྔ་ཙམ་ལ་དྷི་ཚ་དགོན་དུ་ཕེབས། ཞྭ་དམར་པཎྜི་ཏ་ལས་མཚན་ཉིད་སོགས་ཀྱི་སློབ་གཉེར་མཛད། བཅུ་དགུ་པར་མཁན་ཆེན་སྐུ་ཕྲེང་དྲུག་པ་ལས་རབ་ཏུ་བྱུང། དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་ལ་དགེ་འདུན་ཆོས་འཕེལ་ཞེས་གསོལ། ལོ་བཅུའི་རིང་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཚད་མ་དང་། ཕར་ཕྱིན་བཅས་ལ་སྦྱངས། ཉེར་ལྔ་བར་དབུས་སུ་ཕེབས། འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས་ཤིང་གཞུང་ཆེན་ཁག་ལ་མཁས་པའི་གྲགས་པ་ཁྱབ། པཎྜི་ཏ་ར་ཧུ་ལས་གདན་ཞུས་ལྟར་རྒྱ་གར་དུ་ཕེབས། ཝ་ར་ཎཱ་སི་སོགས་སུ་ཕེབས། ལེགས་སྦྱར་གྱི་སྐད་ལ་སྦྱངས། སིང་ག་ལར་ཕེབས། སླར་པཎྜི་ཏ་ར་ཧུ་ལ་དང་ལྷན་བོད་དུ་ཕེབས། ཡུན་རིང་མ་བཞུགས་པར་རྒྱ་གར་དུ་ཕེབས། ཞེ་གཉིས་པར་ཁྲི་བྱང་རིན་པོ་ཆེ་དང་། ཀ་ཤོད་པ་གཉིས་ཀས་གདན་འདྲེན་ཞུས། བོད་དུ་ཕྱིར་ཕེབས། ཞེ་བཞི་བར་བཙོན་དུ་བཅུག ཞེ་དྲུག་པར་བཙོན་ཁང་ནས་བཏང། བློ་གསལ་སློབ་མ་སྐོར་ཞིག་ལ་སློབ་ཁྲིད་མཛད། རབ་བྱུང་བཅུ་དྲུག་པའི་ལྕགས་ཡོས་ཕྱི་ལོ་ ༡༩༥༡ ལོར་ལྷ་སར་སྐུ་གཤེགས། གསུང་རྩོམ་ནི་དཔེ་ཐོ་ལག་སོན་པ་རྒྱལ་ཁམས་རིག་པས་བསྐོར་བའི་གསེར་གྱི་ཐང་མ་དང༌། བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་པོ། ཀླུ་སྒྲུབ་དགོངས་རྒྱན། སིང་ག་ལའི་ལམ་ཡིག། རྒྱལ་པོ་ར་མ་ཎའི་རྟོགས་བརྗོད། བྱ་ལེན་མའི་རྟོགས་བརྗོད། བསྒྱུར་བ་སྒྲའི་ཟིན་བྲིས། གངས་རིའི་སྐོར། ཞང་དགའ་བའི་བློ་གྲོས་ལ་དྲིས་ལན། རྟུལ་ཆུང་དཔྱད་པའི་སྐོར། དབུ་ཚད་དཀའ་བའི་གནད། ལུ་བྱེད་མཐའ་དཔྱད། འདོད་པའི་བསྟན་བཅོས། དྷི་ཚ་སྐམ་པོས་ཕུལ་བའི་ཞུ་ཡིག རྒྱ་གར་གྱི་གནས་ཆེན་བརྒྱད་ཀྱི་ལམ་ཡིག་སྔ་རྗེས་གཉིས། ཀེ་ཏ་ཀ་སོགས་ཀྱི་བཤད་པ། ལེགས་ལྡན་ནག་པོའི་གླུ། རང་བཞིན་གསུམ་ངེས་པ། གཏམ་གྱི་ཚོགས་ཉིན་མཚན་བདུན་པ། སིང་ག་ལའི་གནས་བརྟན་སྡེ་པའི་མདོ་དྷརྨ་པ་དཱ་ཞེས་བྱ་བ། ཆོས་ཀྱི་ཚིགས་སུ་བཅད་པ། ལེགས་སྦྱར་བང་མཛོད་སུམ་རྟགས་ཀྱི་སྐོར་ཕྲན་བུ། སྙན་ངག་གི་དཀའ་གནད་ཕྲན་བུ་སོགས་བཞུགས།