24599

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་འདུན་དཀོན་མཆོག་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། བཀྲས་ལྷུན་ཐོས་གླིང་ཡིག་ཆར། ཇི་ལྟར་ཇི་སྙེད་ཅེས་སོགས་ཀྱི་སྐབས་ནས་དངོས་སུ་བསྟན་པའི་ཡོན་ཏན་བརྒྱད་ལྡན་གྱི་རིགས་སུ་གནས་པ་དེ་ཐེག་ཆེན་གྱི་དགེ་འདུན་དཀོན་མཆོག་གི་མཚན་ཉིད། འདི་ལ་དོན་དམ་པའི་དགེ་འདུན་དཀོན་མཆོག་དང༌། ཀུན་རྫོབ་པའི་དགེ་འདུན་དཀོན་མཆོག་གཉིས་སུ་བཤད། དང་པོ་ནི། འགོག་བདེན་ལྟ་བུ་སྟེ་བཏགས་པ་བ་ཡིན་ཞིང༌། གཉིས་པ་ནི་ཐེག་ཆེན་འཕགས་པ་ལྟ་བུ་སྟེ། མཚན་ཉིད་པ་ཡིན། འདི་དང་ཐེག་ཆེན་འཕགས་པ་དོན་གཅིག་གོ།
Domain ཆོས་ལུགས།

{{#arraymap:དགེ་འདུན་དཀོན་མཆོག་

|; |@@@ | | }}

དགེ་འདུན་དཀོན་མཆོག་ (2)
Part of speech མིང་ཚིག
Definition བཀྲས་ལྷུན་དཀྱིལ་ཁང་ཡིག་ཆར། རིག་གྲོལ་གྱི་ཡོན་ཏན་བརྒྱད་པོ་གང་རུང་དང་ལྡན་པའི་འཕགས་པར་དམིགས་པ། དེ་ལ་དབྱེ་ན། ཐེག་ཆེན་གྱི་དགེ་འདུན་དཀོན་མཆོག་དང། ཐེག་དམན་གྱི་དགེ་འདུན་དཀོན་མཆོག་གཉིས། དང་པོ་ནི། ཐེག་ཆེན་འཕགས་པ་མཐའ་དག་ལ་བྱེད། གཉིས་པ་ནི། ཐེག་དམན་འཕགས་པ་མཐའ་དག་ལ་བྱེད། ས་མཚམས་ནི། མཐོང་ལམ་ཐོབ་པ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད།

{{#arraymap:དགེ་འདུན་དཀོན་མཆོག་

|; |@@@ | | }}

དགེ་འདུན་དཀོན་མཆོག་ (3)
Part of speech མིང་ཚིག
Definition བཀྲས་ལྷུན་ཤར་རྩེའི་ཡིག་ཆར། རིག་གྲོལ་གྱི་ཡོན་ཏན་བརྒྱད་པོ་གང་རུང་དང་ལྡན་པའི་འཕགས་པ་དེ། དགེ་འདུན་དཀོན་མཆོག་གི་མཚན་ཉིད་ཡིན། ཡོན་ཏན་བརྒྱད་ནི། རིག་པའི་ཡོན་ཏན་གསུམ། གྲོལ་བའི་ཡོན་ཏན་གསུམ། དབྱེ་གཞི་རིག་པའི་ཡོན་ཏན། དབྱེ་གཞི་གྲོལ་བའི་ཡོན་ཏན་དང་བརྒྱད་ལ་བྱེད་པ་ཡིན། རིག་པའི་ཡོན་ཏན་གསུམ་ནི། ཇི་ལྟ་བ་རིག་པའི་ཡོན་ཏན། ཇི་སྙེད་པ་རིག་པའི་ཡོན་ཏན། ནང་རིག་པའི་ཡོན་ཏན་དང་གསུམ་ལ་བྱེད་པ་ཡིན། གྲོལ་བའི་ཡོན་ཏན་གསུམ་ནི། དམན་པའི་སྒྲིབ་པ་ལས་གྲོལ་བའི་ཡོན་ཏན། རང་ཉིད་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་སྤང་བྱར་གྱུར་པའི་ཆགས་པའི་སྒྲིབ་པ་ལས་གྲོལ་བའི་ཡོན་ཏན། རང་ཉིད་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་སྤང་བྱར་གྱུར་པའི་ཐོགས་པའི་སྒྲིབ་པ་ལས་གྲོལ་བའི་ཡོན་ཏན་གསུམ་ལ་བྱེད་པ་ཡིན། དམན་པའི་སྒྲིབ་པ་དེ་སྒྲིབ་པ་བཏགས་པ་ཡིན་ཞིང་། སྒྲིབ་པ་མཚན་ཉིད་པ་ནི་མིན་ཏེ། དམན་པའི་སྒྲིབ་པ་དེ་རང་ཉིད་གཅིག་བུ་ཞི་བདེ་དོན་གཉེར་གྱི་བློའམ་བསམ་པ་དེ་ལ་བྱེད་པ་ཡིན། ཆགས་པའི་སྒྲིབ་པ་དང་ཉོན་མོངས་པའི་སྒྲིབ་པ་དོན་གཅིག ཐོགས་པའི་སྒྲིབ་པ་དང༌། ཤེས་བྱའི་སྒྲིབ་པ་དོན་གཅིག

{{#arraymap:དགེ་འདུན་དཀོན་མཆོག་

|; |@@@ | | }}

དགེ་འདུན་དཀོན་མཆོག་ (4)
Part of speech མིང་ཚིག
Definition རིག་གྲོལ་གྱི་ཡོན་ཏན་བརྒྱད་དང་ལྡན་པའི་རྒྱལ་སྲས་འཕགས་པའོ། །ཞེས་ཀུན་མཁྱེན་གོ་རམས་པའི་ཡུམ་དོན་རབ་གསལ་ལས། མཚན་ཉིད་ནི། རིག་གྲོལ་གྱི་ཡོན་ཏན་བརྒྱད་དང་ལྡན་པའི་སྐྱབས་གནས་དེའོ། །མཚན་གཞི། ཀུན་རྫོབ་པའི་དགེ་འདུན་དང། དོན་དམ་པའི་དགེ་འདུན་གཉིས་ལས། དང་པོ་ནི། བྱང་སེམས་འཕགས་པ་མཐའ་དག་ལ་བྱ་ལ། གཉིས་པ་ནི། འཕགས་པ་དེའི་རྒྱུད་ཀྱི་ངོ་སྐལ་གྱི་སྤང་བྱ་ལས་གྲོལ་བའི་སེམས་ཀྱི་རང་བཞིན་འོད་གསལ་བ་དེ་ཉིད་དོ། །རྒྱུད་བླ་མར་བཤད་པའི་དཀོན་མཆོག་གསུམ་གྱི་ཟླས་ཕྱེ་བའི་དགེ་འདུན་ནི་ཕྱི་མ་འདི་ཁོ་ན་ལ་བྱ་དགོས་པ་ཡིན་ནོ། །ཞེས་དང། རིག་པའི་ཡོན་ཏན་གསུམ། གྲོལ་བའི་ཡོན་ཏན་གསུམ། དབྱེ་གཞི་གཉིས་པོ་བསྣན་པས་བརྒྱད་དོ། །དང་པོ་ཇི་ལྟ་བ་རིག་པ་ནི། བདག་མེད་གཉིས་མངོན་སུམ་དུ་མཐོང་བའོ། །གཉིས་པ་ཇི་སྙེད་པ་རིག་པ་ནི། བདག་མེད་གཉིས་པོ་དེས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་མཐོང་བའོ། །གསུམ་པ་ནང་རིག་པ་ནི། དེ་ལྟ་བུའི་ཡེ་ཤེས་གཉིས་པོ་དེ། རང་རིག་པའི་ཡེ་ཤེས་ཀྱིས་ཉམས་སུ་མྱོང་བའོ། །གྲོལ་བའི་ཡོན་ཏན་ལ། ཆགས་པའི་སྒྲིབ་པ་ལས་གྲོལ་བ་དང་། ཐོགས་པའི་སྒྲིབ་པ་ལས་གྲོལ་བ་དང། དམན་པའི་སྒྲིབ་པ་ལས་གྲོལ་བའོ། །དང་པོ་ནི། གང་ཟག་གི་བདག་མེད་མངོན་སུམ་དུ་མཐོང་བས། དེའི་འགལ་ཟླ་ཉོན་སྒྲིབ་ལས་གྲོལ་བའོ། །གཉིས་པ་ནི། བདག་མེད་པ་གཉིས་པོས་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་མཐོང་བས་ན། དེ་ཐམས་ཅད་ཀྱི་གནས་ཚུལ་མཐོང་བའི་སྒྲིབ་པ་ལས་གྲོལ་བས་ཐོགས་པའི་སྒྲིབ་པ་ལས་གྲོལ་བའོ། །གསུམ་པ་ནི། དེ་ལྟ་བུའི་རིག་གྲོལ་གཉིས་གང་ལ་ཡོད་པ་དེ་ནི་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའོ། །ཞེས་པཎ་ཆེན་ཤཱཀ་མཆོག་གིས་རྒྱན་འགྲེལ་ལུང་རིགས་རོལ་མཚོ་ལས་གསུངས་སོ། ། མཚན་ཉིད་ནི། རིག་གྲོལ་གྱི་ཡོན་ཏན་བརྒྱད་པོ་གང་རུང་དང་ལྡན་པའི་རྒྱལ་སྲས་འཕགས་པ་འདིའི་དངོས་བསྟན་གྱི་དགེ་འདུན་དཀོན་མཆོག་གོ ། མཚན་གཞི་ནི། ས་བཅུ་གང་རུང་ལ་གནས་པའི་བྱང་སེམས་འཕགས་པ་རྣམས་སོ། །ཞེས་པཎ་ཆེན་ངག་ཆོས་ཀྱིས་བཀའ་འགྲེལ་དགོངས་དོན་རབ་ཏུ་གསལ་བ་ལས་གསུངས་སོ། །

{{#arraymap:དགེ་འདུན་དཀོན་མཆོག་

|; |@@@ | | }}