24669
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། དགེ་འདུན་སྤྱིའི་གཙུག་ལག་ཁང་དང། གང་ཟག་རང་རང་གི་སྒོས་ཀྱི་གཙུག་ལག་ཁང་བཞེངས་པ་ལ་གང་དུ་བྱ་བའི་ས་གཞི་རྩོད་པ་ཅན་མ་ཡིན་པ། སྲོག་ཆགས་དུ་མ་དང་བཅས་པའི་ཉམ་ངའི་གནས་མ་ཡིན་པ། ཚེར་མ་ཅན་ལ་སོགས་པ་མ་ཡིན་པའི་གཞི་དག་པར་དགེ་འདུན་ལས་གནང་བ་ཐོབ་ནས་གཙུག་ལག་ཁང་རྩིག་པར་བྱ་སྟེ། དེའི་ཚད་ནི་ཇི་སྐད་དུ། ཚད་དང་ལྡན་པའི་ཁྲུ་ཕྱེད་དང་དོ་ནི་བདེ་བར་གཤེགས་པའི་མཐོ་གང་སྟེ། ནང་རོལ་ནས་དེ་བཅུ་དང་བདུན་གྱི་ཚད་དོ། །ཞེས་གསུངས་པའི་མ་མཐའི་ཚད་དེར་ལྟར་དུ་བྱ། ཡ་མཐའི་ཚད་ནི་ཇི་ཙམ་དགོས་པ་བློས་གཞལ་བ་ལས་ཚད་ངེས་པ་ཅན་མ་བཤད་པར་མཁས་པ་དག་བཞེད་དོ། །ཡང། གཙུག་ལག་ཁང་གི་ཤར་ལ་སོགས་པའི་ངོས་ཅིག་གི་དབུས་སུ་དྲི་གཙང་ཁང་བྱ། གཙང་ཁང་དེའི་མདུན་གྱི་དྲང་ཐད་ཀྱི་ངོས་སུ་སྒོ་ཁང་རྩིག་པར་བྱ། །གཙུག་ལག་ཁང་གི་དབྱིབས་ནི་གྲུ་བཞི་པ་བྱ། གྲུ་བཞི་ལ་ངོས་གསུམ་ནས་ཁྱམས་བཏགས་པ་ཡང་བྱ། གལ་ཏེ་གནས་ཁང་གསུམ་པ་བྱེད་ན་དབུས་སུ་དྲི་གཙང་ཁང། དེའི་ལོགས་གཉིས་སུ་གནས་ཁང་གཉིས་བྱ་བ་ཡིན་ནོ། །ཡང། དགེ་འདུན་སྤྱི་དང་གང་ཟག་གི་གནས་ཁང་དག་གི་སྒོ་གཏོད་པར་བྱའོ། །སྒོ་དེར་སྒོ་གླེགས་གཞུག རྩིག་ངོས་ཀྱི་དཀྱིལ་དུ་དཀར་ཁུང་གཏོད། དཀར་ཁུང་གི་དབྱིབས་ནི་ཕྱི་རོལ་གྱི་ཁ་ཞུམ་ལ། ནང་ལོགས་ཡངས་པ་རྒྱ་མཚོ་ལྟར་བྱིན་གྱིས་ཡངས་པའོ། །དཀར་ཁུང་ལ་དྲ་བ་དང་སྒོ་གླེགས་གཞུག་པར་བྱ། གནས་ཁང་གི་མདུན་རོལ་དུ་ཁྱམ་བྱ། འོག་གཞིའི་གཅལ་དུ་སོ་ཕག་རིམ་པ་བདུན་ནམ་བརྒྱད་བྱ། དེའི་སྟེང་དུ་ཀ་རྟེན་གྱི་སྤང་ལེབ། དེའི་སྟེང་དུ་ཀ་བའི་ཚར་དག་འཛུགས། དེའི་སྟེང་དུ་ཀ་གཞུའི་འདབ་མ། དེའི་སྟེང་དུ་གདུང་མ། དེའི་སྟེེང་དུ་ཆམ། དེའི་སྟེང་དུ་སྤང་ལེབ། དེ་དག་གི་སྟེང་སོ་ཕག་གཅལ་དུ་བཀྲམ་ཞིང་སོ་ཕག་གི་ཕྱེ་མའི་འཇིམ་པས་བསླན་པར་བྱ། མི་ལྟུང་བར་བྱ་བའི་ཕྱིར་ལན་བཀན་དང། འཛེག་པའི་ཕྱིར་ཐེམ་ཀས་རིམ་པ་གསུམ་བྱའོ། །ཡང། གཙུག་ལག་ཁང་གི་ནང་དུ་ཆོས་འཆད་པ་པོ་བཞུགས་པའི་སེངྒེའི་ཁྲི་གྲུ་བཞི་པ་བྱ་སྟེ། ཁྲི་དེའི་རྐང་པ་བཞི་པ་དག་ལ་སེངྒེའི་གདོང་ལྟ་བུ་བྱ་བའམ། སེངྒེའི་གཟུགས་བྲི་བར་བྱ། ཁྲི་དེར་སྟན་ནང་ཚང་ཅན་གཞུག སྟེང་དུ་བླ་བྲེ་གདགས་པར་བྱའོ། །གཙུག་ལག་ཁང་དེ་ལ་སྒོ་ལྕགས་དང་ལྡེ་མིག་དག་ཀྱང་དགོས་ཤིང། ཉིན་རེ་བཞིན་ཕྱག་དར་བྱེད་པའི་ཁང་གཉེར་བ་དག་ཀྱང་དགོས་ཏེ། འདི་ལ་ཁང་སྐྱོང་དུ་བཤད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས། |
| Domain | ཆོས་ལུགས། |