24754

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་སློང་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། སྒྲ་བཤད་ཀྱི་དབང་དུ་བྱས་ན། དགེ་བ་མྱ་ངན་ལས་འདས་པའི་དོན་འཚོལ་ཞིང་། ཆོས་དང་མཐུན་པའི་བསོད་སྙོམས་སློང་བར་བྱེད་པས་དགེ་སློང་ཞེས་བརྗོད་པའི་ཕྱིར་ཏེ། བཅོམ་ལྡན་འདས་ཀྱིས། དགེ་བ་སློང་དང་ཟས་སློང་དང་། །ཉེ་བར་ཞི་དང་ཆགས་བཅོམ་དང་། །ལེགས་པར་འཚོ་དང་ལམ་ཞུགས་དང་། །ཡིད་འོང་ཕྱིར་ན་དགེ་སློང་ཡིན། །ཞེས་གསུངས་ཏེ་རྣམ་གྲངས་སོ། །ཞེས་གསུངས་ལ། སོ་ཐར་སྡོམ་པ་རིས་བདུན་པོ་གང་རུང་རྒྱུད་ལ་ལྡན་པའི་གང་ཟག་གང་ཞིག་འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ཇི་སྲིད་འཚོ་ཡི་བར་དུ་སྡོམ་པ་ཁས་བླངས་པའི་གང་ཟག་ཞིག་ལ་དགེ་སློང་ཟེར། དེའི་ངོ་བོ་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གསུམ་པ་དགེ་སློང་བཤད་དུ་ཡོད་དེ། ངོ་བོའི་དབང་དུ་བྱས་ན། ལུས་ངག་གི་སྤང་བྱ་མཐའ་དག་སྤོང་བར་མནོས་པས་རབ་ཏུ་ཕྱེ་བའི་སྡོམ་པ་ལ་གཙོ་བོར་གནས་པའི་རབ་བྱུང་། དགེ་སློང་གི་ངོ་བོ་དང་། ཞེས་གསུངས། དབྱེ་བའི་དབང་དུ་བྱས་ན། མིང་གི་དགེ་སློང་། ཁས་འཆེ་བའི་དགེ་སློང་། སློང་བའི་དགེ་སློང་། ཉོན་མོངས་བཅོམ་པའི་དགེ་སློང་། གསོལ་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་དགེ་སློང་སྟེ་དངོས་གཏགས་མ་ཕྱེ་བར་ལྔར་གསུངས་པ་དང་། ཞེས་གསུངས། ཡང་དེ་ཉིད་ལས། དབྱེ་བའི་དངོས་གཏགས་ཡོད་དེ། དང་པོ་བཞི་བཏགས་པ་བ་དང་། ཕྱི་མ་མཚན་ཉིད་པ་ཡིན་པའི་ཕྱིར་ཏེ། ལུང་རྣམ་འབྱེད་ལས། དང་པོ་བཞི་དྲངས་ནས། འདིར་གསོལ་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་དགེ་སློང་བཟུང་ངོ་། ཞེས་གསུངས།
Domain ཆོས་ལུགས།