24804

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་སློང་གི་སྡོམ་པ་ (1)
Part of speech མིང་ཚིག
Definition ཇི་སྲིད་འཚོའི་བར་དུ་གཞན་གནོད་གཞི་དང་བཅས་པ་ཐམས་ཅད་སྤོང་བར་ཁས་བླངས་པའི་སོ་ཐར་གྱི་སྡོམ་པའི་དོན་ཏེ། མཚན་ཉིད་ནི། ལུས་ངག་གི་བདུན་འཁོར་བཅས་སྤོང་བའི་སོ་ཐར་གྱི་ཚུལ་ཁྲིམས་དེ། དགེ་སློང་གི་སྡོམ་པའི་མཚན་ཉིད་དུ་གསུངས་ཏེ། རྒྱ་ཆེར་འགྲེལ་ལས། སྤོང་བ་བདུན་འཁོར་དང་བཅས་པ། ཞེས་དང༌། མཛོད་འགྲེལ་ལས། ལུས་དང་ངག་གི་ལས་སྤང་བར་བྱ་བ་ཐམས་ཅད་སྤོང་བར་ཡང་དག་པར་བླངས་པས་ནི་དགེ་སློང་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ལུས་ངག་གི་བདུན་སྤོང་བའི་ཚུལ་ཁྲིམས་ཙམ་དེའི་མཚན་ཉིད་དུ་མི་རུང་སྟེ། བསམ་གཏན་དང་ཟག་མེད་ཀྱི་སྡོམ་པས་མ་ངེས་པའི་ཕྱིར། དབྱེ་ན་དགེ་སློང་ཕ་མའི་སྡོམ་པ་གཉིས་ཡོད། ལུས་ངག་གི་སྤང་བྱ་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་སྤོང་བའི་ཆ་ནས་བཞག་པའི་སོ་ཐར་གྱི་སྡོམ་པ་དེ། དགེ་སློང་ཕའི་སྡོམ་པའི་མཚན་ཉིད། དེ་དག་སྤོང་བར་ཁས་འཆེ་བ་ཞེས་སྦྱོར་མི་རུང་སྟེ། བཅས་པའི་ལས་དང་པོ་བ་དང༌། ཚུར་ཤོག་གི་བསྙེན་པར་རྫོགས་པ་སོགས་ཀྱིས་མ་ངེས་པའི་ཕྱིར་ཏེ། དེ་གཉིས་ཀྱིས་ཉིས་བརྒྱ་ང་གསུམ་བསྲུང་བར་ཁས་འཆེ་བ་མ་ཡིན་པའི་ཕྱིར། དབྱེ་བ་དགེ་སློང་ལ་གཅེས་པའི་མདོ་ལྟར་ན་སྒྲས་བརྗོད་ཀྱིས་གསུམ་དང༌། རྣམ་འབྱེད་ལྟར་ན་ལྔ་ཡོད་དེ། ལུང་རྣམ་འབྱེད་ལས། དགེ་སློང་ནི་རྣམ་པ་ལྔ་སྟེ། མིང་གི་དགེ་སློང་དང༌། སློང་བའི་དགེ་སློང་དང༌། ཁས་འཆེ་བའི་དགེ་སློང་དང༌། དོན་དམ་པའི་དགེ་སློང་དང༌། གསོལ་བ་བཞིའི་ལས་ཀྱི་དགེ་སློང་དང༌། ཞེས་གསུངས་པའི་ཕྱིར། མིང་གི་དགེ་སློང་ནི་སྡོམ་པ་བླངས་ཀྱང་མ་ཆགས་པར་མིང་ཙམ་འཛིན་པ་དང༌། ཁས་འཆེ་བ་ནི། ཕམ་པ་འཆབ་བཅས་སོགས་ཀྱི་ཉམས་པ་དང༌། སློང་བ་ནི། དགེ་སློང་གི་རྟགས་ཙམ་བཟུང་ནས་སློང་མོ་བྱེད་པ་སོགས་ཡིན་ཏེ། རྒྱལ་སྲས་མ་ལས། མིང་གི་དགེ་སློང་ཞེས་པ་ནི་བསྙེན་པར་མ་རྫོགས་པ་གང་ཞིག་ལ་དགེ་སློང་ཞེས་མིང་དུ་བཏགས་པའོ། །ཁས་འཆེ་བའི་དགེ་སློང་ཞེས་བྱ་བ་ནི་ཚུལ་ཁྲིམས་འཆལ་བ་མི་ཚངས་པར་སྤྱོད་པ་སོགས་ལ་ཞུགས་པ་ཡིན་ནོ། །སློང་བས་ན་དགེ་སློང་ཞེས་བྱ་བ་ནི་སློང་བར་བྱེད་པའོ། །ཞེས་གསུངས་པའི་ཕྱིར། དགྲ་བཅོམ་པ་དོན་དམ་པའི་དགེ་སློང་དང༌། སྔོན་ཆོག་ད་ཆོག་གིས་བསྙེན་པར་རྫོགས་པ་རྣམས་གསོལ་བཞིའི་ལས་ཀྱི་དགེ་སློང་ཡིན་ནོ། །སྒྲ་དོན་ནི། བསྙེན་རྫོགས་ཀྱི་སྐད་དོད་ཨུ་བ་སམ་པནྣ་ཞེས་པ་མྱང་འདས་ལ་ཉེ་བར་འཇུག དགེ་སློང་གི་སྐད་དོད་བྷིཀཥ་ས་པ་ལ་ཡི་གེ་དབྲི་བསྣན་གྱིས་བཤད་ན། དགེ་སློང་ལ་གཅེས་པའི་མདོར། སྒྲ་འཇུག་ཚུལ་ནི། ལུས་ངག་གི་ཉེས་པ་རྣམ་པར་ཟད་པའི་ཕྱིར་ན་དགེ་སློང་དང༌། དགེ་བ་སློང་བས་ན་དགེ་སློང་དང༌། ཟས་བསོད་སྙོམས་སློང་བས་ན་དགེ་སློང་དང༌། སྒོ་གསུམ་ཞི་བར་གནས་པས་ན་དགེ་སློང་དང༌། ལུས་ངག་གི་ལམ་བཟང་པོ་ལ་ཞུགས་པས་ན་དགེ་སློང་དང༌། ཡོ་བྱད་ཀུན་འཛིན་གྱི་ཆགས་པ་སྤང་བས་ན་དགེ་སློང་དང༌། སྒོ་གསུམ་གྱི་སྤྱོད་པ་བཟང་བས་ཡིད་དུ་འོང་བས་ན་དགེ་སློང་ངོ༌། །ཞེས་སོགས་གསུངས་པའི་ཕྱིར་རོ། །
Domain ཆོས་ལུགས།

{{#arraymap:དགེ་སློང་གི་སྡོམ་པ་

|; |@@@ | | }}