24827

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་སློང་ཆགས་པ་ཆོས་འཕེལ་ (1)
Part of speech མིང་ཚིག
Definition ཇོ་ནང་རྟག་བརྟན་གྱི་མཁན་ཆེན་ཐ་མ་སྟེ། ཇོ་ནང་ཆོས་འབྱུང་དུ། ཇོ་ནང་ཆོས་བརྒྱུད་འཛིན་པ་དགེ་སློང་ཆགས་པ་ཆོས་འཕེལ་ཞེས་བྱ་བ་སྔོན་རྫོང་འོག་མར་སྐུ་འཁྲུངས་ནས་རྗེས་སོར་རྟག་བརྟན་དུ་གྲྭ་སར་ཞུགས་ཏེ་མདོ་སྔགས་གཞུང་ལུགས་རིགས་གནས་ལ་མཁས་གནས་ཐོབ་ཅིང་ཉིད་ཀྱིས་གོང་ས་རྒྱལ་བའི་དབང་པོའི་དྲུང་དུ་གཞུང་རྒྱུགས་ཕུལ་བས་མཁས་པའི་སྙན་པ་ཆེ་ཞིང་། ཟླ་བ་གཅིག་ཙམ་གྱི་རིང་ཁོང་གིས་སྨན་རྒྱུད་བཞི་པོ་དང་དུས་འཁོར་རྒྱུད་འགྲེལ་ཐུགས་ལ་བྱང་ཆུབ་པར་ནུས་པས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དྲུང་དུའང་ཉིད་ཀྱིས་དེ་ལུགས་བཞིན་རྒྱུགས་འབུལ་མཛད་ཅིང་སྐད་གཉིས་སྨྲ་བའི་ལོ་ཙཱ་ཡང་མཁྱེན་པ་ཞིག་ཡོད་པ་དེ་ཉིད་ཀྱི་དྲུང་དུའང་ཆོས་རྗེ་ཀུན་བཟང་དབང་པོ་འདིས་ཆོས་བཀའ་ཟབ་མོ་ཆེས་མང་ལེགས་མནོས་ཀྱི་སྒོ་ནས་བླ་མ་དམ་པ་དགེ་སློང་མཆོག་གི་བཀའ་ལུང་ལས་རྗེ་འདི་ལ་ཇོ་ནང་རྗེ་བཙུན་ཆེན་པོའི་བཀའ་གཙོ་བོར་གྱུར་པའི་ཟབ་ཆོས་ཡང་དག་གི་རྒྱུན་འཛིན་སྐྱོང་སྤེལ་གསུམ་ཅི་ནས་ཀྱང་མཛད་དགོས་ཚུལ་གྱི་བཀའ་ནན་དུས་སུ་ཡང་ཡང་བྱུང་བར་བརྟེན། ཞེས་དང་། ལོ་ཆེན་དྷརྨ་ཤྲཱི་ལ་སྤྱི་དོན་ཡོངས་འདུ་སྙེ་མ་བརྩམ་པར་སྐུལ་མ་གནང་བའི་ཚུལ་ཡང། གཞུང་དེ་ཉིད་ལས། ཕྱི་ནང་གི་རིག་པའི་གནས་གྲངས་མེད་པ་ལ་མངའ་དབང་འབྱོར་བའི་བཤེས་གཉེན་དམ་པ་ཆགས་པ་ཆོས་འཕེལ་གྱི་གསུང་གིས་བསྐུལ་བའི་ངོར། ཞེས་དང་། བྱེད་གྲུབ་ཟུང་གི་ཁུངས་ལས་བརྩམ་པའི་ཉེར་མཁོའི་བསྡུས་དོན་ལས། རང་ལུགས་དུས་འཁོར་བཤད་རྒྱུན་གཞན་ཡང་ཇོ་ནང་རྟག་བརྟན་གྱི་མཁན་ཆེན་སྐད་གཉིས་སྨྲ་བ་ཆགས་པ་ཆོས་འཕེལ་གྱིས་ཆོས་རྗེ་ཀུན་བཟང་དབང་བོ་ལ་གདམས་པ་སྟེ། དེ་ནས་རིམ་པར་རིག་འཛིན་ཚེ་དབང་ནོར་བུ། བཀའ་བརྒྱུད་ཕྲིན་ལས་ཤིང་རྟ་སི་ཏུ་ལོ་ཆེན་གཙུག་ལག་སྣང་བ། ཟུར་མང་བ་ཚེ་དབང་ཀུན་ཁྱབ་སོགས་ལས་ཀྱང་སྡེ་དགེ་དཔལ་སྤུངས་ཕྱོགས་ནས་རྒྱུད་བཤད་རྩིས་ཀྱི་ལག་ལེན་ཐུན་མོང་དང་ཐུན་མོང་མིན་པའི་ཚུལ་བརྒྱུད་དེ་ཁམས་འཛམ་ཐང་འདི་ཕྱོགས་ལ་ལག་ལེན་བྱེད་པ་ཆེས་མང་བ་བྱུང་། ཞེས་གསུངས། ཁོང་བྱོན་པའི་དུས་ནི་གསལ་བོ་མ་རེག་ཀྱང་ལོ་ཆེན་གྱིས་སྤྱི་དོན་ཡོངས་འདུའི་སྙེ་མ་མཛད་པའི་ལོ་ནི་རབ་བྱུང་བཅུ་གཉིས་པ་ལྕགས་མོ་ལུག་གི་ལོ་སྟེ། ཕྱི་ལོ་ ༡༦༩༡ པའི་ལོ་ཡིན་ལ། དེས་ན་རབ་བྱུང་བཅུ་གཅིག་པའི་སྨད་ཙམ་ནས་བཅུ་གཉིས་པའི་སྟོད་ཙམ་ཡིན་པ་སྟེ། ཕྱི་ལོའི་དུས་རབས་བཅུ་བདུན་པའི་སྨད་ཙམ་ལ་འཁེལ་ཡོད་འདུག །
Domain རྩིས་རིག

{{#arraymap:དགེ་སློང་ཆགས་པ་ཆོས་འཕེལ་

|; |@@@ | | }}