24911

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་སློང་མའི་རིན་པོ་ཆེ་སློང་བའི་སྤང་ལྟུང་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། གླེང་གཞི་ནི་སྦོམ་དགའ་མོས་གསེར་མགར་གྱི་ཆུང་མ་ལ་གསེར་གྱི་རྣ་གདུབ་བླངས་པ་ན། དེ་ཅང་མི་སྨྲ་བར་འདུག་པ་དང་། སྦོམ་དགའ་མོས་རྣ་གདུབ་དེ་ཁྱེར་ཏེ་སོང་བ་ན། གསེར་མགར་གྱིས་དེར་རྒྱུགས་ཏེ་མགོ་རེག་མ། ངན་པ་མོ་ཞེས་སྨྲས་ནས། དེས་དེ་ལ་ཁུ་ཚུར་གྱིས་བསྣུན་ནས། ཁ་ནས་ཁྲག་བྱུང་བྱུང་དུ་བརྡེགས་ཏེ། མིག་ཕུགས་སྐྲངས་པར་གྱུར་པ་ལས་བཅས་སོ། །དགག་བྱ་ནི་དངོས་པོ་ཁྱད་པར་ཅན་ལ་ཆགས་པ་དང་གཞན་གྱི་ལོངས་སྤྱོད་ལ་གནོད་པའོ། །དགེ་སློང་མས་ཁྱིམ་པ་ལ་དབྱིག་དང་གསེར་ལ་སོགས་པ་རིན་པོ་ཆེ་རང་དོན་དུ་ངག་གི་རིག་བྱེད་ཀྱིས་སློང་བ་ལ་ཐོབ་ཅིང་ཐོབ་བློ་སྐྱེས་ན་སྤང་བའི་ལྟུང་བྱེད་དུ་འགྱུར་བའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །དབྱར་ཁང་གི་དགོས་པའི་ཆེད་མ་ཡིན་པར་དགེ་སློང་མས་དབྱིག་གམ་གསེར་ལ་སོགས་པའི་རིན་པོ་ཆེ་གཞན་ལས་བླངས་ཏེ་ལེན་པའི་ལྟུང་བ་དེ་ཡིན་ནོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།