24912
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། གླེང་གཞི་ནི་མཉན་ཡོད་ན་རི་དྭགས་འཛིན་གྱི་བུ་དགེ་བསྙེན་ས་ག་ཞེས་བྱ་བས་དགེ་སློང་མ་རྣམས་ལ་གནས་དབྱར་ཁང་བྱིན་ནས་དགེ་སློང་མ་རྣམས་དབྱར་ཁང་ན་གནས་པ་ན། དགེ་སློང་མ་གཞན་རྣམས་བསོད་སྙོམས་ལ་སོང་བའི་ཚེ། དགེ་སློང་མ་སྦོམ་དགའ་མོ་རི་དྭགས་འཛིན་གྱི་བུ་ལ་ཆགས་པར་གྱུར་ནས་དགེ་སློང་མའི་པུས་མོ་ཡན་ཆད་མིག་མན་ཆད་སྤྲད་ཅིང་རེག་པར་བྱས་པ་ལས་རེག་པའི་ཕམ་པར་བཅས་སོ། །དགག་བྱ་ནི་རེག་པའི་བྱ་བ་དེ་དང་འབྲེལ་ནས་འཁྲིག་པའི་འདོད་ཆགས་འཕེལ་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་མས་རང་གི་མིག་ནས་པུས་མོའི་བར་གྱིས་སྐྱེས་པ་མཚན་ཉིད་དང་ལྡན་པའི་ལུས་དངོས་མ་ཉམས་པ་ལ་བསམ་པ་འཁྲིག་པའི་འདོད་ཆགས་གྱིས་རེག་པ་བདག་གིར་བྱེད་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། བཅས་ལྡན་དགེ་སློང་མ་འཁྲིག་པའི་འདོད་ཆགས་ཀྱི་བསམ་པས་མིག་གི་གནས་མན་ཆད་ནས། པུས་མོའི་ལྷ་ང་ཡན་ཆད་ཀྱིས་སྐྱེས་པར་རེག་ཅིང་ནོམ་པར་བྱེད། ཉུག་པར་བྱེད་པའི་འཚོ་བ་ཉམས་སུ་མྱངས་ཤིང་བདག་གིར་བྱེད་པའི་ལྟུང་བ་དེ་རེག་པའི་ཕམ་པ་ཡིན་ཏེ། མདོ་རྩར་བདག་གིར་བྱེད་པ་ལའོ། །མིག་ནས་པུས་མོའི་བར་གྱིས་སོ། །རེག་པའོ། །ཕོའི་འོ། འཁྲིག་པའི་འདོད་ཆགས་ཀྱིས་སོ། །ཞེས་གསུངས་སོ། །མདོར་ན་དགེ་སློང་མས་རང་གི་བུ་ཡིན་ན་མ་གཏོགས་བྱིས་པ་ཚུན་ལ་ཡང་རེག་པར་མི་བྱ་བར་གསུངས་སོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
| Domain | ཆོས་ལུགས། |