24927

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་སློང་མའི་སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་སོ་གསུམ་ (1)
Part of speech མིང་ཚིག
Definition དགེ་སློང་མའི་སོ་སོར་ཐར་པའི་མདོ་ལས་བྱུང་བ་སྟེ། ༡ སྲ་རྐྱང་ཕྱུང་ནས་ལྷག་མ་འཆང་བའི་སྤང་བའི་ལྟུང་བྱེད། ༢ སྲ་རྐྱང་ཕྱུང་ནས་ཆོས་གོ་ལྔ་ལས་གང་རུང་དང་མཚམས་ཀྱི་ཕྱི་རོལ་ཏུ་འབྲལ་ན་དགེ་འདུན་གྱིས་གནང་བ་མ་གཏོགས་སྤང་བའི་ལྟུང་བྱེད། ༣ གོས་རྙེད་པ་ཟླ་བ་གཅིག་ལས་འདས་པར་བཅང་ན་སྤང་བའི་ལྟུང་བྱེད། ༤ དགེ་སློང་མ་ཉེ་དུ་མ་ཡིན་པའི་གོས་རྙིང་པ་འཁྲུ་བའམ། འཚེད་དམ། འཆགས་ན་སྤང་བའི་ལྟུང་བྱེད། ༥ དགེ་སློང་ཉེ་དུ་པ་ལས་གོས་ལེན་ན་བརྗེ་བ་མ་གཏོགས་པའི་སྤང་བའི་ལྟུང་བྱེད། ༦ ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་གན་དུ་སོང་སྟེ་གོས་སློང་ན་དུས་མ་གཏོགས་པ་སྤང་བའི་ལྟུང་བྱེད། དུས་ནི་འཕྲོག་པ་དང་། ཚིག་པ་ལ་སོགས་པའོ། །༧ ཉེ་དུ་མ་ཡིན་པའི་ཁྱིམ་པས་གོས་ཀྱི་རིན་བཏབ་པ་ལ་དེ་བས་བཟང་པོར་འདོད་པའི་ཕྱིར་གོས་བསྒྲུབ་ན་སྤང་བའི་ལྟུང་བྱེད། ༨ གཞན་གྱིས་བསྐུར་བའི་གོས་སྦྱིན་བདག་ལ་མ་སྦྲན་པར་ལེན་པར་བྱེད་སྤང་བའི་ལྟུང་བྱེད། ༩ གསེར་དངུལ་སྤང་བའི་ལྟུང་བྱེད། ༡༠ མངོན་ཚན་ཅན་གྱི་སྤྱོད་པ་སྣ་ཚོགས་བྱེད་པའི་སྤང་བའི་ལྟུང་བྱེད། ༡༡ ཉོ་ཚོང་སྣ་ཚོགས་བྱེད་པའི་སྤང་བའི་ལྟུང་བྱེད། ༡༢ ལྟུང་བཟེད་ལྷན་པ་ལྔ་མེད་པ་སྤྱད་བཟོད་པ་ཡོད་བཞིན་དུ་བཟང་པོ་འདོད་པའི་ཕྱིར་གསར་པ་གཞན་ཚོལ་བའི་སྤང་བའི་ལྟུང་བྱེད། ༡༣ ཐ་ག་པ་ཉེ་དུ་མ་ཡིན་པ་འཐག་ཏུ་འཇུག་པའི་སྤང་བའི་ལྟུང་བྱེད། ༡༤ ཐ་ག་པ་ཉེ་དུ་མ་ཡིན་པ་ལ་འཐག་ཏུ་འཇུག་པ་ལས་གོས་འདི་ཞེང་ཆེ་བ་དང་། ཁྲུན་རིང་བ་སོགས་ཀྱིས་ཤིག་ཅེས་དེ་ལྟར་བྱས་ནས་གོས་གྲུབ་པའི་སྤང་བའི་ལྟུང་བྱེད། ༡༥ གོས་བྱིན་པ་འཕྲོག་པའི་སྤང་བའི་ལྟུང་བྱེད། ༡༦ དགེ་འདུན་ལ་བསྔོས་པའི་རྫས་གང་ཟག་གི་བདག་གིར་བྱེད་པའི་སྤང་བའི་ལྟུང་བྱེད། ༡༧ ནད་པས་སྨན་ཞག་བདུན་ལས་འདས་པར་སྤྱོད་པའི་སྤང་བའི་ལྟུང་བྱེད། ༡༨ ལྟུང་བཟེད་ལྷག་པོ་ཞག་ཅིག་ལས་ལྷག་པར་བཅང་བའི་སྤང་བའི་ལྟུང་བྱེད། ༡༩ ཆོས་གོས་ཟླ་བ་ཕྱེད་ཕྱེད་བྱིན་གྱིས་མི་རློབ་པའི་ལྟུང་བྱེད། ༢༠ དུས་མ་ཡིན་པར་སྲ་རྐྱང་འབྱིན་པའི་ལྟུང་བྱེད། ༢༡ སྲ་རྐྱང་དུས་སུ་མི་འབྱིན་པའི་སྤང་བའི་ལྟུང་བྱེད། ༢༢ བདག་གི་ཕྱིར་མངོན་ཚན་ཅན་སྤོང་བའི་སྤང་བའི་ལྟུང་བྱེད། ༢༣ གཞན་གྱི་ཆེད་དུ་རྙེད་པའི་གོས་ཟས་སུ་བྱས་ཏེ་བཟང་བའི་ཕྱིར་འཇོག་པའི་སྤང་བའི་ལྟུང་བྱེད། ༢༤ གོས་ཀྱི་རྙེད་པ་ཟས་སུ་བྱས་ཏེ་བཟའ་བའི་ཕྱིར་འཇོག་པའི་སྤང་བའི་ལྟུང་བྱེད། ༢༥ མལ་ཆའི་རྙེད་པ་ཟས་སུ་བྱས་ཏེ་བཟའ་བའི་ཕྱིར་འཇོག་པའི་སྤང་བའི་ལྟུང་བྱེད། ༢༦ དབྱར་ཁང་གི་རྙེད་པ་ཟས་སུ་བྱས་ཏེ་བཟའ་བའི་ཕྱིར་འཇོག་པའི་སྤང་བའི་ལྟུང་བྱེད། ༢༧ སྐྱེ་བོ་མང་པོའི་ཕྱིར་སྦྱོར་དུ་བཅུག་པའི་རྙེད་པ་གང་ཟག་ལ་སྦྱོར་དུ་འཇུག་པའི་སྤང་བའི་ལྟུང་བྱེད། ༢༨ དགེ་སློང་མའི་དགེ་འདུན་གྱི་ཕྱིར་སྦྱོར་དུ་བཅུག་པའི་རྙེད་པ་གང་ཟག་ལ་ཡོངས་སུ་བསྒྱུར་བའི་སྤང་བའི་ལྟུང་བྱེད། ༢༩ དགེ་སློང་མ་གང་ཆགས་པར་གྱུར་པས་ཐུམ་པོ་བཅིངས་ཤིང་བཅིངས་པ་འགྲོལ་དུ་འཇུག་པའི་སྤང་བའི་ལྟུང་བྱེད། ༣༠ གོས་ལྕིད་དང་རིན་ཐང་ལྕི་བ་འཆང་བའི་སྤང་བའི་ལྟུང་བྱེད། ༣༡ སྲིན་བལ་འབའ་ཞིག་སྟན་གྱི་སྤང་བའི་ལྟུང་བྱེད། ༣༢ ཆ་གཉིས་བསྲེས་པའི་སྟན་གྱི་སྤང་བའི་ལྟུང་བྱེད། ༣༣ ལོ་དྲུག་གི་སྟན་གྱི་སྤང་བའི་ལྟུང་བྱེད་བཅས་སོ། །
Domain ཆོས་ལུགས།