25153

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགོས་པའི་མི་ལྔ་ (1)
Part of speech མིང་ཚིག
Definition བག་མ་གཏོང་ལེན་བྱེད་པ་ལ་དགོས་པའི་མི་ལྔ་སྟེ། ཟླ་མོའམ་བག་རོགས་དང་། འོག་རྟའམ་བག་རྟ། རྟ་ཁ་ཁྲིད་མཁན། ཟས་འདྲེན་མཁན། སྣ་ཆོག་བྱེད་མཁན་སྣ་བོན་བཅས་ལ་ཟེར་ཞིང་། བག་རྟ་མི་མིན་ཡང་ཕལ་ཆེ་བ་མི་ཡིན་པས་ཆ་ནས་མི་ལྔ་ཞེས་བཏགས་པར་སྣང་། དེ་ལྔ་ལས་བག་རོགས་ནི་བག་མ་རྟ་ལོ་མར་བག་རོགས་སྟག་གམ་ཁྱི་ལྟ་བུ་ཀླུང་རྟ་མཐུན་པའི་མཐུན་གསུམ་ལོ་མ་དགོས་ལ། དེ་ཡང་སྲོག་སོགས་དགྲར་མ་གྱུར་ཞིང་ཚུར་གསོ་བ་ཅན་དེ་བཟང་བར་བཤད། བག་རྟ་ནི་བག་མ་མེ་བྱི་ལོ་མར་བག་རྟ་ནག་ནག་ལྟ་བུ་སྤུ་ཁ་བག་མའི་ལུས་ཀྱི་མདོག་ཅན་ནམ། ཡང་ན་དཀར་དཀར་ལྟ་བུ་བག་མའི་སྲོག་ཁམས་ཀྱི་མའི་མདོག་གི་སྤུ་ཁ་ཅན་ཡིན་ཆོག་ལ། དེ་མིན་ཀླུང་རྟའི་ཁམས་ཀྱི་མདོག་དང་མཚུངས་པའི་སྤུ་ཁ་ཅན་ཡིན་ཡང་རུང་བར་བཤད། རྟ་ཁ་ཁྲིད་མཁན་ནི་བག་མའི་ལུས་ཁམས་ཀྱི་མར་འགྲོ་བའི་ལུས་ཁམས་ཅན་དགོས་ལ། དེ་ཡང་ས་ཕག་ལོ་མའི་རྟ་ཁ་ཆུ་ཕག་ལོ་པས་ཁྲིད་པ་ལྟ་བུ་ལུས་ཁམས་ཀྱིས་བསྐྱེད་པ་གང་ཞིག་སྲོག་དབང་གཉིས་ཀ་ཡང་བག་མའི་ལུས་ཀྱི་མར་འགྲོ་བ་ཅན་ཡིན་ན་ལྷག་ཏུ་བཟང་བར་བཤད། ཟས་འདྲེན་མཁན་ནི་བག་མིའི་དབང་ཁམས་ཀྱི་མར་འགྲོ་བའི་དབང་ཁམས་ཅན་དགོས་ལ། དེ་ཡང་ས་ཕག་ལོ་མར་མེ་རྟ་ལོ་མས་འདྲེན་པ་ལྟ་བུ་དབང་ཁམས་ཀྱིས་བསྐྱེད་པ་གང་ཞིག་སྲོག་ཁམས་ཀྱང་བག་མའི་ལུས་ཁམས་ཀྱི་མར་འགྲོ་བ་ཅན་ཡིན་ན་ལྷག་ཏུ་བཟང་བར་བཤད། དེ་མིན་མེ་སྦྲུལ་ལོ་མའི་དབང་ཐང་གི་མར་འགྲོ་ཡང་། བུ་མོ་དེ་བག་མའི་བདུན་ཟུར་ལོ་མ་ཡིན་པས་ཟས་འདྲེན་མི་རུང་བ་ཡིན། ཕ་མ་འཛོམ་ཞིང་དབང་པོར་སྐྱོན་མེད་ལ་མིང་ཡང་བཀྲ་ལེགས་དགོས་པའི་ཟས་འདྲེན་མཁན་དེས། རྒུན་འབྲུམ་རམ་ཞོ་ལ་སོགས་འདྲེན་རྒྱུའི་བཀྲ་ཤིས་ཟས་ཀྱི་ཁ་དོག་དང་དབྱིབས་ཀྱང་བག་མའི་དབང་ཐང་གི་དགྲར་མ་སོང་བ་དག་ཡིན་དགོས་པར་བཤད། སྣ་བོན་ནི་བག་མ་ཤིང་སྟག་ལོ་མར་ལྕགས་སྤྲེལ་ལྟ་བུ་བདུན་ཟུར་དང་། ལྕགས་ཀྱི་ཕག་སྦྲུལ་རྟ་ལྟ་བུ་བཞི་གཤེད། ལྕགས་ཀྱི་ཕག་ལུག་ཡོས་གསུམ་ལྟ་བུ་ཀླུང་དགྲ་བཅས་ལས་གང་རུང་ཞིག་ཡིན་དགོས་ཤིང་། ངག་ནུས་ཆེ་ཤིང་རིགས་རྒྱུད་བཟང་བ་དང་། ལྷ་ཡི་བསྐྱེད་རིམ་བརྟན་པ། དམ་ཚིག་ཤིན་ཏུ་གཙང་བ། རྒྱུད་དང་ཆོ་གའི་དེ་ཉིད་ལ་མཁས་པ་བཅས་ཀྱི་ལེགས་ཚོགས་ལྡན་དགོས་པའི་སྣ་བོན་དེས། བག་མ་སྟག་ཡོས་ལོ་མར་གྲི་གཡུག་པ་དང་། རྟ་སྦྲུལ་ལོ་མར་ཆུ་གཏོར་བ། བྱ་སྤྲེལ་ལོ་མར་མེ་སྦར་བ། བྱི་ཕག་ལོ་མར་ས་གཏོར་བ། གླང་ལུག་ཁྱི་འབྲུག་ལོ་མར་ཤིང་ཕུར་གཡུག་པ་སོགས་བག་ལོའི་སྲོག་ཁམས་ཀྱི་གཤེད་ཀྱིས་སྣ་ཆོག་བྱ་དགོས་པར་བཤད། གཞན་དུ་དེ་ལྔའི་སྟེང་དུ་གོས་བསྐོན་མཁན་དང་སྐྱེལ་མི་བཅས་གཉིས་བསྣན་ནས་དགོས་པའི་མི་བདུན་དུ་བརྩི་བའང་ཡོད་ལ། དེ་གཉིས་ཀྱང་བག་ལོའི་སྲོག་ཁམས་བསྐྱེད་ཅིང་དབང་ཐང་དར་བའི་ལོ་ཁམས་ཅན་ཡིན་དགོས་པར་བཤད།
Domain རྩིས་རིག

{{#arraymap:དགོས་པའི་མི་ལྔ་

|; |@@@ | | }}