25313

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགྲའི་ཆུང་མ་ (1)
Part of speech མིང་ཚིག
Definition སྤྱིར་ཁྱོ་ཀའི་སྲོག་ལུས་དབང་ཀླུང་གི་ཁམས་ཀྱིས་ཆུང་མའི་དེ་དག་གི་ཁམས་ལ་ཕར་འཐབ་ན་དགྲ་ཕྲད་ཡིན་པའི་ཆུང་མ་ལ་ཟེར་ཞིང་། བྱེ་བྲག་ཏུ་མཐུན་སྦྱོར་བག་མའི་རྩེས་འདིར་སྲོག་ཀླུང་གཉིས་ཁྱོ་ཀ་གཙོ་བས་ཁྱོ་ཀའི་རང་ལོའི་སྲོག་དང་ཀླུང་རྟའི་ཁམས་ཀྱིས་ཆུང་མའི་དེ་གཉིས་ཀྱི་ཁམས་ལ་ཕར་འཐབ་ནས་ཚུར་གཅོད་མིན་བརྟག་པ་གཅེས་པ་ཡིན། དེ་གཉིས་ལས་སྲོག་ཁམས་དགྲར་འགྲོ་བ་སྲོག་དགྲའི་ཆུང་མ་ཡིན་ན། སྤྱིར་འགྲོགས་ཡུན་དང་ཚེ་ཐུང་ཞིང་ནད་མང་ལ་བྱར་མི་བཏུབ་པས། བཟློག་པའི་བཅོས་སུ་སྲོག་བསྐྱེད་འཁོར་ལོ་ཁྱོ་ཀར་གདགས་དགོས་ལ། སྲོག་བསླུ་དང་། འཆི་བསླུ། ཚེ་ཆོག མཚུན་གསོལ། དུར་སྲི་གནོན་པ་བཅས་ཀྱི་རིམ་གྲོ་ཡང་བསྒྲུབ་དགོས། དགྲར་འགྲོ་སའི་སྲོག་ཁམས་འབྱུང་བ་གང་ཡིན་གྱི་ཁྱད་པར་གྱིས་བྱེ་བྲག་ཏུ་ཕྱེས་པའི་འབྲས་བཅོས་ནི་བཻ་དཀར་ལས། ཁྱད་པར་སྐྱེས་པ་གཤེད་བཞི་ལོ། །སྲོག་གུད་དར་དམར་མཚལ་གྱིས་ནི། །སྔགས་བྲི་མེ་ཤེལ་མཆན་གཡོན་བཅིང་། །བྱ་སྤྲེལ་གུད་ན་དར་སེར་ལ། །གསེར་རམ་ཡུང་བས་སྔགས་བྲིས་པ། །མ་ཉམས་གསེར་བཅས་སྐེ་ལ་བཏགས། །བྱི་ཕག་གུད་ན་དར་དཀར་ལ། །ར་དཀར་འོ་མར་དུང་བཏབ་པའི། །སྔགས་བྲིས་ཁྲོ་ལྕགས་ལུས་ལ་བཏགས། །སྟག་ཡོས་གུད་ན་དར་སྔོན་ལ། །ཆུ་ཤེལ་སྣག་ཚས་སྔགས་བྲིས་ལ། །མཆན་ཁུང་གཡས་སུ་བཅིང་བར་བྱ། །རྟ་སྦྲུལ་གུད་པར་གྱུར་པ་ན། །དར་ལྗང་ཤིང་གི་ཐང་ཆུ་ཡིས། །སྔགས་བྲིས་རྒུན་འབྲུམ་སྙིང་གར་བཅིང་། །ཞེས་གསུངས་པ་ལྟར་ཡིན་ལ། འབྲི་ཡུལ་དེ་དག་གི་སྟེང་དུ་འབྲུ་རྒྱུའི་རུས་སྦལ་རང་སྐད་ཀྱི་སྔགས་ནི་ཨོ་ཨཱཿཧྲི་སྲོག་ཐ་ཏྲི་ཡ་བསྐྱེད་ལཾ་ལཾ་ཡལ་ཡལ་བྲཾ་ནྲྀ་བསྐྱེད་ཅེས་པ་འདི་ཡིན། ཀླུང་ཁམས་དགྲར་འགྲོ་བ་ཀླུང་རྟ་དགྲའི་ཆུང་མ་ཡིན་ན། སྤྱིར་མི་ཁ་དང་གཏོར་བརླག་ཁ་སྨྲས་རྒྱུན་དུ་འབྱུང་ཞིང་། ལེགས་པ་རང་གིས་བྱས་གྱུར་ཀྱང་ངོ་སོ་གཞན་གྱིས་བྱེད་པ་འོང་བས། བཟློག་པའི་བཅོས་སུ་ཀླུང་བསྐྱེད་འཁོར་ལོ་ཁྱོ་ཀར་གདགས་དགོས་ལ། དགྲ་གནོན་དང་། མི་ཁ་དགྲ་བསྒྱུར། ལམ་ཟམ་བཟོ་བཅོས། ཀླུང་གི་དགྲ་བཟློག་བཅས་ཀྱི་རིམ་གྲོ་ཡང་བསྒྲུབ་དགོས། དགྲར་འགྲོ་སའི་ཀླུང་ཁམས་འབྱུང་བ་གང་ཡིན་གྱི་ཁྱད་པར་གྱིས་བྱེ་བྲག་ཏུ་ཕྱེས་པའི་འབྲས་བཅོས་ནི་བཻ་དཀར་ལས། ཀླུང་རྟ་གང་ཡིན་མ་ཡི་དར། །མཚལ་དང་འོ་མ་བསྲེས་པ་ལ། །རིན་ཆེན་སྣ་ལྔའི་ཕྱེ་བཏབ་པའི། །སྔགས་བྲིས་སྤྱི་བོར་འཛུགས་པར་བྱ། །ཞེས་གསུངས་པ་ལྟར་ཡིན་ལ། འབྲི་ཡུལ་དེ་དག་གི་སྟེ་དུ་འབྲི་རྒྱུའི་རུས་སྦལ་རང་སྐད་ཀྱི་སྔགས་ནི་ཨྃ་ཨཱཿཧཱུ་ཧོ་ཧེ་སྟག་སེང་ཁྱུང་འབྲུག་འདིར་ཡར་བསྐྱེད་ཀུན་འདུས་སརྦ་འདུ་འདུ་ཧོ་ཞེས་པ་འདི་ཡིན། འདི་ལྟར་ཁྱོ་ཀའི་སྲོག་ཀླུང་གཉིས་གཙོ་བོར་བཟུང་སྟེ་ཆུང་མའི་དེ་གཉིས་ཀྱིས་ཚུར་གཅོད་མིན་བརྟག་དོན་ནི། ཇག་དང་རི་དྭགས་རྔོན་པ་སོགས་སྲོག་ཉེན་ཡོད་སར་འགྲོ་དུས་སྲོག་དང་། ཕྱི་རུ་དོན་ཆེན་བསྒྲུབ་ཏུ་འགྲོ་དུས་བསམ་དོན་ཡིན་བཞིན་དུ་འགྲུབ་པ་ལ་ཀླུང་རྟ་ཡག་དགོས་ཤིང་། རང་རེའི་བོད་ཀྱི་སྲོལ་རྒྱུན་གྱི་འཚོ་བ་རོལ་སྟངས་ལ་ལས་དེ་དག་བགྱིད་མཁན་ཁྱོ་ཀ་ཡིན་པས་ཡིན། དཔེར་ན་ཁྱོ་ཀའི་རང་ལོ་རྟ་དང་ཆུང་མའི་རང་ལོ་ཕག་ཡིན་པར་ཆ་བཞག་ན། ཆུང་མའི་སྲོག་ཁམས་ཆུ་ཁྱོ་ཀའི་སྲོག་ཁམས་མེ་ཡི་དགྲ་ཡིན་པས་སྲོག་དགྲའི་ཆུང་མ་ཡིན་ལ། ཆུང་མའི་ཀླུང་ཁམས་མེ་ཁྱོ་ཀའི་ཀླུང་ཁམས་ལྕགས་ཀྱི་དགྲ་ཡིན་པས་ཀླུང་རྟ་དགྲའི་ཆུང་མ་ཡང་ཡིན་པ་ལྟ་བུ་ཡིན།
Domain རྩིས་རིག

{{#arraymap:དགྲའི་ཆུང་མ་

|; |@@@ | | }}