25803
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རྒྱལ་དབང་འབྲུག་ཆེན་ལྔ་པ་དཔག་བསམ་དབང་པོ་མཆོག་ནི། ཡར་ཀླུང་འཕྱོངས་རྒྱས་སུ། ཡབ་སྡེ་པ་བསོད་ནམས་སྟོབས་རྒྱས་དང༌། ཡུམ་མཚོ་རྒྱལ་དཔོན་མོ་གཉིས་ཀྱི་སྲས་སུ་ ༡༥༩༣ ལོར་སྐུ་འཁྲུངས། གོང་མའི་ཐུགས་སྲས་རྣམས་ཀྱི་མིང་འབོད་པ་སོགས། ཀུན་ཧ་ལས་པར་གནང་བས། འཁྲུལ་མེད་དུ་ཐུགས་ཆེས། དགུང་ལོ་བཞི་ལ་གྲྭ་དོན་གྲུབ་མཐོང་སྨོན་དུ། རྗེ་ལྷ་རྩེ་བས་རང་བྱོན་བཅུ་གཅིག་ཞལ་གྱི་སྤྱན་སྔར་དབུ་སྐྲ་བསིལ། མཚན་དཔག་བསམ་དབང་པོ་ཐུབ་བསྟན་ཡོངས་འདུའི་སྡེར་གསོལ། རྗེ་གོང་མའི་བུ་ཆེན་རྣམས་དང་སྡེ་སྲིད་དད་སྦྱིན་ཡོངས་ཀྱིས། གོང་མའི་གསེར་ཁྲིར་གདན་དྲངས། རྗེ་ལྷ་རྩེ་བའི་མདུན་ནས། རབ་བྱུང་དང་བསྙེན་པར་རྫོགས། འབྲུག་ལུགས་གཙོ་བོར་གྱུར་པའི་དབང་ཁྲིད་ཐམས་ཅད་རྫོགས་པར་བཞེས། སེམས་དཔའ་རིན་ཆེན་དཔལ་བཟང་ལས། རྩིས་སྐར་ནག་དང༌། ཨོ་རྒྱན་བསྙེན་སྒྲུབ་སོགས། ཟབ་ཁྲིད་དུ་མ་གསན། སྐད་གཉིས་སྨྲ་བ་དབང་ཕྱུག་རྒྱལ་པོ་ལས། སྒྲ་སྙན་ངག་མངོན་བརྗོད་སྡེབ་སྦྱོར། སྨན་སྒོམ་མི་ཕམ་བཟང་པོ་ལས་གསོ་རིག རབ་འབྱམས་པ་འཇམ་དཔལ་གྲགས་པ་ལ། དབུ་ཕར་འདུལ་མངོན་ཚད་མ། རྒྱུད་སྡེ་རབ་འབྱམས་ཀྱི་བཤད་པ། དཀྱིལ་འཁོར་རྒྱ་མཚོའི་ཕྱག་ལེན་མཐའ་དག་སྦྱངས། མཁས་དབང་བུདྡྷའི་ཞབས་ལས་ཀྱང་དཀའ་གནད་ཀྱི་དོགས་གཅོད་དཔྱིས་ཕྱིན་མཛད། རྒྱལ་ཚབ་དམ་པ་མི་ཕམ་བཀྲ་ཤིས་བློ་གྲོས་དང༌། རིག་འཛིན་འཇའ་ཚོན་སྙིང་པོ་སོགས་ལས། སྨིན་གྲོལ་དཔག་མེད་གསན་བསམ་གནང་། ར་གཙང་གཉིས་ཞི་འགྲིགས་མཛད་པ་དང་། བོད་སོག་ཆིངས་འདུམ་མཛད་ཅིང་བོད་འབངས་བདེ་བར་བཀོད་པའི་བཀའ་དྲིན་གནང༌། ཆོག་ཐུ་རྒྱལ་པོས་སོག་ཡུལ་དུ་གདན་འདྲེན་ནན་ཆེ་ཡང་མ་ཕེབས། འཇང་རྒྱལ་པོ་དང༌། མངའ་རིས་སྐོར་གསུམ་སོགས་ཀྱིས་གདན་ཞུས་ཕུལ་ཀྱང་མ་ཕེབས། མང་ཡུལ་ནས་ལ་དྭགས་རྒྱལ་པོ་སེང་གེ་རྣམ་རྒྱལ་གྱི་གཅུང་ངག་དབང་རྣམ་རྒྱལ་དང༌། མང་ཡུལ་སྟོད་པའི་རྒྱལ་རིགས་མཐུ་སྟོབས་དབང་ཕྱུག་གཉིས། རྗེའི་དྲུང་དུ་རབ་ཏུ་བྱུང༌། མཚན་ཡང་དཔག་བསམ་བསྟན་འཛིན་བཟང་པོ་དང༌། དཔག་བསམ་གཏེར་མཛོད་དུ་གསོལ། ཡོངས་འདུའི་གྲྭ་ཚང་གསར་འཛུགས་མཛད་པ་སོགས། གདན་ས་རྣམས་སུ་བཤད་སྒྲུབ་ཀྱི་སྡེ་དར་སྤེལ་གནང༌། ཞེ་དགུ་བཞེས་པ་ལྕགས་སྦྲུལ་ ༡༦༤༡ ལོའི་བོད་ཟླ་བཞི་པའི་ཚེས་བཅུ་དགུར་ཞི་བར་གཤེགས་སོ། །སློབ་མའི་གཙོ་བོ། ཡོངས་འཛིན་ངག་དབང་ཀུན་དགའ་ལྷུན་གྲུབ། ཅོག་གྲྭ་སྙན་གྲགས་དཔལ་བཟང༌། གྲུབ་དབང་བསྟན་འཛིན་བཟང་པོ་སྟེ། སྤྲུལ་སྐུ་རྣམ་གསུམ་དང༌། སྒམ་པོ་སྤྲུལ་སྐུ་ཕྱག་རྡོར་ནོར་བུ། ཁྲོ་ཕུ་དཔལ་རྒྱས་དབང་པོ། སྐྱིད་སྦུག་གྲུབ་ཆེན་ཤེས་རབ་འབྲུག་རྒྱས། མཁས་གྲུབ་དཔག་བསམ་ཡེ་ཤེས། དམར་སྟོན་ངག་དབང་མི་འགྱུར་བཟང་པོ། རྡོར་གླིང་གདན་ས་བ། རྒྱ་མཚོ་ལོ་ཙཱ་བ་ཚུལ་ཁྲིམས་དབང་པོ། ཆོས་རྗེ་ཐུབ་བསྟན་ཡེ་ཤེས། འཁྲུལ་ཞིག་བཀྲ་ཤིས་གླིང་པ། ཆོས་རྗེ་ནོར་བུ་རྒྱལ་མཚན། ཆོས་གྲགས་རྣམ་རྒྱལ། བྱ་ཡོངས་འདུའི་དབང་པོ། ལ་དྭགས་ལྷ་བཙུན་ངག་དབང་རྣམ་རྒྱལ་དང་དཔག་བསམ་གཏེར་མཛོད། མཁན་ཆེན་རྒྱལ་དབང་པད་དཀར། སྤང་ཁང་ཆོས་རྗེ་ངག་དབང་འབྲུག་རྒྱས། ལྷུན་རྩེ་སྡེ་པ་ཆོས་རྗེ། སྣེ་མོ་ཤག་གྲུབ་ཆེན། སྤྲུལ་སྐུ་ངག་དབང་དོན་ལྡན། ནང་སོ་མི་ཕམ་ཆོས་དཔལ་སོགས་མཁས་གྲུབ་ཀྱི་སྐྱེས་བུ་མང་དུ་བྱོན་པའོ། ། |
{{#arraymap:དཔག་བསམ་དབང་པོ་འབྲུག་ཆེན་སྐུ་ཕྲེང་ལྔ་པ་
|; |@@@ | | }}