25902
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | བོན། དཔའ་བོ་འབྲུ་ལྔ་ཞེས་པའི་གོ་དོན་ནི། དཔའ་བོ་ཞེས་པ་ཕུང་པོ་ལྔའི་བདུད་ལྔ་ལས་རྒྱལ་ཞིང་དཔའ་ལ་དེ་དག་འཇོམས་པར་བྱེད་པའི་དོན་ཡིན་ལ། འབྲུ་ལྔ་ཞེས་པ་ཡིག་འབྲུའི་གྲངས་ཀྱི་དོན་ནོ། ། དེ་དག་ལ་ཡང་ཕྱི་ནང་གསང་གསུམ་དུ་དབྱེ་རུ་ཡོད་པ་ལས། དང་པོ་ཕྱི་ཡི་དཔའ་བོ་འབྲུ་ལྔ་ནི། ཁཾ་ཡཾ་རཾ་སྲུཾ་ཨཱོྃ་དང་ལྔ། དེ་དག་གིས་ཕྱི་འབྱུང་བ་ལྔ་མཚོན་པའམ་དེ་རྣམས་འབྱུང་བའི་ས་བོན་བྱེད་དོ། །ནང་གི་འབྲུ་ལྔ་ནི། ཨ་ཨཱོྃ་ཧཱུྃ་རཾ་ཛ་དང་ལྔ་བཅས་ནི་ནང་ཡི་དམ་རིགས་ལྔའི་ས་བོན་ཡིན་ནོ། །གསང་བའི་འབྲུ་ལྔ་ནི། བསྭོ་ཨཱོྃ་ཧཱུྃ་ཧེ་བྷྱོ་དང་ལྔའོ། །འབྲུ་ལྔ་པོ་ལ་ཡང་སྐུ་ལྔ་དང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་དང་། ཡེ་ཤེས་ལྔ་བཅས་མཚོན་དོན་ཡོད་པ་ལས། དང་པོ་སྐུ་ལྔ་མཚོན་ཚུལ་ནི། ཨ་ཡིས་ནི་བོན་སྐུ་མཚོན་པ་དང་། ཨཱོྃ་གྱིས་རྫོགས་སྐུ། ཧཱུྃ་གིས་སྤྲུལ་སྐུ། རཾ་གྱིས་ངོ་བོ་ཉིད་ཀྱི་སྐུ། ཛ་ཡིས་མངོན་པར་བྱང་ཆུབ་ཀྱི་སྐུ་བཅས་མཚོན་ནོ། །གཉིས་པ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔར་མཚོན་ཚུལ་ནི། ཨ་ཡིས་ནི་ཐུགས་དང་། ཨཱོྃ་གྱིས་ནི་སྐུ། ཧཱུྃ་གིས་ནི་གསུང་། རཾ་གྱིས་ནི་ཡོན་ཏན། ཛ་ཡིས་ནི་འཕྲིན་ལས་བཅས་མཚོན་པའོ། ། ཡང་མི་མཐུན་ཕྱོགས་འཇོམ་ཚུལ་གྱི་དབང་དུ་བྱས་པ། གསང་འདུས་དོན་རྒྱུད་ལྟར་ན། ཚེ་རབས་ཐོག་མ་མེད་པ་ན། ད་ལྟ་ལུས་བླང་ཡན་ཆད་ཀྱི། བག་ཆགས་མཚན་མ་ཨ་ཡིས་སྦྱང། གདོས་པའི་ཕུང་པོ་ཨཱོྃ་གྱིས་བཞུགས། འགྱུར་མེད་ཡིད་སེམས་ཧཱུྃ་གིས་སྡུད། བསགས་པའི་སྡིག་སྒྲིབ་རཾ་གྱིས་སྲེག བཅིངས་པའི་ཐ་རཾ་ཛ་ཡིས་བཀྲོལ། དཔའ་བོ་འབྲུ་ལྔ་བདུད་ལས་དཔའ། ཞེས་གསུངས་སོ། ། དེ་ལྔ་གཤིན་པོ་སོགས་ཀྱི་ཕུང་པོའི་གནས་ལ་བརྒྱན་པ་ནི། ཡིག་འབྲུ་དེ་དག་བདེར་གཤེགས་རིགས་ལྔའི་ས་བོན་ཡིན་པས་ཕུང་པོ་ལྷ་རུ་བསྒྲུབ་པའི་ཕྱིར་དུ་ཡིན་པར་ཡང་། རྫུ་འཕྲུལ་དྲྭ་བའི་རྒྱུད་ལས། ཕུང་པོ་ལྷ་རུ་བསྒྲུབ་པའི་ཕྱིར། ཡི་གེ་དཔའ་བོ་འབྲུ་ལྔས་བརྒྱན། ཞེས་པས་སོ། ། |
Domain | ཆོས་ལུགས། |
{{#arraymap:དཔའ་བོ་འབྲུ་ལྔ་
|; |@@@ | | }}