26056

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་གསང་བ་སྙིང་པོ་ (1)
Part of speech མིང་ཚིག
Definition རྡོ་རྗེ་ཐེག་པའི་སྔགས་རྒྱུད་རྒྱ་མཚོ་ལྟ་བུ་མཐའ་དག་གི་དགོངས་པའི་གནད་གསལ་བར་བྱེད་པའི་གསང་སྔགས་རྙིང་མ་པའི་རྒྱུད་ཀྱི་བྱེ་བྲག་ཅིག་སྟེ། འཕགས་པ་རྟོག་པའི་རྒྱལ་པོ་སྒྱུ་འཕྲུལ་དྲྭ་བ་ལེའུ་སྟོང་ཕྲག་བརྒྱ་པའི་ནང་ཚན་ཡིན་ལ། ནང་རྒྱུད་སྡེ་གསུམ་ལས་མ་ཧཱ་ཡོ་གའི་ཁོངས་སུ་གཏོགས་ཤིང་། རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ལས་བཀའ་འདི་རྒྱུད་སྡེའི་ནང་གསེས་ཀྱི་ཐུགས་རྒྱུད་ཡིན། གཞུང་གི་མཚན་རྒྱས་པར། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་སྒྱུ་འཕྲུལ་རྩ་བའི་རྒྱུད་གསང་བ་སྙིང་པོ་དང་། རྗོད་བྱེད་ཚིག་གི་རིམ་པ་ལ། གླེང་གཞིའི་ལེའུ་ནས། མཉེས་པ་དང་ཡོངས་སུ་གཟུང་བའི་ལེའུའི་བར་ལེའུ་ཉི་ཤུ་རྩ་གཉིས་ཀྱི་བདག་ཉིད་དུ་བཞུགས། སྤྱིར་རྩ་རྒྱུད་འདི་ལ་བོད་དུ་ལོ་པཎ་བསྡེབས་པའི་གཞི་འགྱུར་གསུམ་དང་། པཎྜི་ཏ་མེད་པའི་རྩལ་འགྱུར་གཉིས་ཏེ་འགྱུར་ལྔ་བྱུང་བར་གྲགས་པ་ལས། གཞི་འགྱུར་གསུམ་ནི། སློབ་དཔོན་སངས་རྒྱས་གསང་བ་དང་བཻ་རོ་ཙ་ནའི་སྔ་འགྱུར། སློབ་དཔོན་པདྨ་འབྱུང་གནས་དང་གཉགས་ཛྙཱ་ན་ཀུ་མཱ་རའི་བར་འགྱུར། བི་མ་ལ་མི་ཏྲ་དང་རྨ་རིན་ཆེན། གཉགས་ཛྙཱ་ན་ཀུ་མཱ་ར་ཐུན་མོང་གི་ཕྱི་འགྱུར་དང་གསུམ་ལས། ཕྱི་མ་ནི་འཕྱོང་ཅན་ཡིན་ལ། སྔ་མ་གཉིས་ལ་འཕྱོང་མེད་པར་གྲགས། རྩལ་འགྱུར་གཉིས་ནི། བསྟན་པ་ཕྱི་དར་གྱི་ཚེ་ཐར་ལོ་ཙཱ་བ་ཉི་མ་རྒྱལ་མཚན་གྱིས་བསྒྱུར་པའི་འགྱུར་དང་། འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་འགྱུར་བཅོས་མཛད་པ་གཉིས་སུ་གྲགས་སོ། ། མཚན་གྱི་རྣམ་གྲངས་ལ། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་དམ། རྒྱུད་རྒྱལ་གསང་བ་སྙིང་པོ། ལུང་གི་སྤྱི། རྩ་རྒྱུད་གསང་བ་སྙིང་པོ། ཐུགས་རྒྱུད་གསང་བ་སྙིང་པོ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ། དཔལ་གསང་བ་སྙིང་པོ་ཞེས་ཀྱང་ཞུ།