26103

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་ཆེན་བླ་རྒན་གྲུབ་དབང་བཀའ་ཡེ་ཤེས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition ཁམས་ལྷ་ཐོག་ཀེ་གསེབ། མདོག་རིགས་སུ། རབ་བྱུང་བཅུ་བཞི་པའི་ས་བྱ་ ༡༨༤༩ ལོ་ཙམ་ལ་འཁྲུངས། ནར་སོན་ནས་འཛི་སྒར་དུ་ཆོས་ཞུགས་མཛད། སློབ་གཉེར་མཐར་ཕྱིན། དུས་སྐབས་དེར་ཉག་རོང་གིས་དགོན་པ་གཏོར་ཞིང༌། བཀའ་བསྟན་འགྱུར་སོགས་དཔེ་ཆ་གང་ཡོད་འཐོར་བརླག་གྱུར་རྗེས། སླར་རྗེ་འདིས་ཆ་ཚང་བསྒྲིག་ཐུབ་པ་བྱུང་བས་བཀའ་ཡེ་ཤེས་ཞེས་པའི་མཚན་ཐོགས་པར་གྲགས། རྗེ་འཛི་སྒར་དྲུག་པ་རྒྱ་འགུ་མཆོག་སྤྲུལ་རིན་པོ་ཆེ་དང༌། ཀརྨའི་མཁན་རིན་ཆེན་དར་རྒྱས་སོགས་བསྟེན་ནས་སྨིན་གྲོལ་གདམས་པ་མང་པོ་གསན། འཛི་སྒར་ཕུར་པའི་སྒྲུབ་ཁང་དུ་བཞུགས་པས། ཡི་དམ་རྡོ་རྗེ་གཞོན་ནུའི་ཞལ་གཟིགས་ཤིང༌། ཕུར་པའི་ཞལ་ཐང་ལ་ཐིམ། རྟེན་ཐང་བྱིན་ཅན་དེ་ད་ལྟ་ཡང་མ་བརླགས་པར་བཞུགས། དེ་ནས་ཀེ་གསེབ་དཔལ་ཆེན་འཇུ། ཀླུ་བྲག་དཀར་ཞེས་པར་བཅུད་ལེན་ལ་བསྟེན་ནས་སྒྲུབ་པ་མཛད་དེ་ཡུན་རིང་བཞུགས་པས། ཉམས་རྟོགས་དཔེ་མེད་འཁྲུངས། མངོན་ཤེས་ཀྱང་ཆགས་ཐོགས་མེད་པར་བྱུང༌། དཔེར་མཚོན་ན། ཉིན་ཞིག་བ་གོར་ཕྱོགས་ནས་བསྔོ་རྟེན་དུ་ཇ་བག་ཅིག་ཁྱེར་བའི་མི་ཞིག་འབྱོར། དེས་ལམ་ནས་ཇ་བག་གྲིས་གཏུབས་ཏེ་ཕྱེད་རང་གིས་ཉར། ཕྱེད་བླ་མ་ལ་ཕུལ། འོན་ཀྱང་གྲི་དེ་ཇ་གཏུབ་སར་ལུས། དེ་ནས་བླ་མས་མགྲོན་པོ་ལ་སྣ་ལེན་མཛད་སྐབས་གྲི་དགོས་པ་བྱུང་བས། ཁོས་གྲི་ཤུབས་ལ་རེག་སྟེ་གྲི་བཙལ་སྐབས། བླ་མས་ཐོལ་བྱུང་དུ་གྲི་བཙལ་མ་བཙལ་ཅི་ཡོད། ད་ཅི་ཇ་བགོ་སར་ལྷག་པ་རེད་གསུངས་པས། ཁོ་ངོ་ཚ་བར་གྱུར་པ་སོགས་ངོ་མཚར་བའི་ལོ་རྒྱུས་ཤིན་ཏུ་མང་ཡང་ཟུར་ཙམ་ཡིན། དགུང་གྲངས་ལྔ་བཅུ་ས་ཁྱི་ ༡༨༩༨ ལོ་ཙམ་ལ། དེ་དང་ཉེ་བའི་ཞོལ་དུ་དོན་བརྒྱུད་རིང་ལུགས་འཛིན་པའི་དགོན་སྡེ་གསར་དུ་ཕྱག་བཏབ་ཅིང༌། མཚན་དཔལ་ཆེན་དགོན་བཤད་སྒྲུབ་དར་རྒྱས་གླིང་གསོལ། བསྟན་རྩ་དགེ་འདུན་གྱི་སྡེ་བཙུགས། སྒྲུབ་མཆོད་རྣམས་ལ་དོ་གལ་ཆེན་པོ་གནང་ཞིང་རྟག་པར་ཚོགས་དབུར་ཕེབས་པར་གྲགས། དེ་ནས་མ་འདས་པའི་སྔོན་ཙམ་ནས་རང་གི་སྤྲུལ་སྐུ་ངོས་བཟུང་ཞིང༌། སྒྲུབ་བསྟན་ཆེར་སྤེལ་བའི་མཐར། དགུང་ལོ་གྱ་བཞི་པ་ཆུ་སྤྲེལ་ ༡༩༣༢ ལོ་ཙམ་ལ་ཞི་བར་གཤེགས་སོ། །