26136

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་དུས་ཀྱི་འཁོར་ལོ་ (1)
Part of speech མིང་ཚིག
Definition ཡི་དམ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་སྟེ། དྲི་མ་མེད་པའི་འོད་ཟེར་ལྔ་འཕྲོ་བ། སྐུ་མདོག་ནག་པོ། དབུས་སྔོ། གཡས་དམར། གཡོན་དཀར་བའི་མགྲིན་པ་གསུམ་དང་ལྡན་པ་དང༌། རྩ་ཞལ་ནག་པོ་དྲག་ཅིང་མཆེ་བ་གཙིགས་པ། གཡས་ཞལ་དམར་པོ་ཆགས་པ་དང་བཅས་པ། རྒྱབ་ཞལ་སེར་པོ་ཏིང་འཛིན་ལ་གནས་པ། གཡོན་ཞལ་དཀར་པོ་རབ་ཏུ་ཞི་བ། སྤྱན་གསུམ་གསུམ་དང་ལྡན་ཞིང༌། རལ་བའི་ཐོར་ཅོག་ལ་སྣ་ཚོགས་རྡོ་རྗེ་དང༌། ཟླ་བ་ཕྱེད་པ་ནོར་བུས་བརྒྱན་པ། རྡོ་རྗེ་ནོར་བུ་དང༌། རྣ་རྒྱན། མགུལ་རྒྱན། ལག་གདུབ། སྐེ་རགས། རྐང་གདུབ། དར་དཔྱང་། རྡོ་རྗེའི་ཕྲེང་བས་བརྒྱན་པ། སྟག་ལྤགས་ཀྱི་ཤམ་ཐབས་གྲོལ་བ། གཡས་གཡོན་གྱི་ཕྲག་པ་དྲུག་གི་དང་པོ་སྔོན་པོ། གཉིས་པ་དམར་པོ། གསུམ་པ་དཀར་པོ། དཔུང་བ་བཅུ་གཉིས་ཀྱི་དང་པོ་གཉིས་གཉིས་སྔོན་པོ། གཉིས་པ་གཉིས་གཉིས་དམར་པོ། གསུམ་པ་གཉིས་གཉིས་དཀར་པོ། ཕྱག་ཉི་ཤུ་རྩ་བཞིའི་དང་པོ་བཞི་བཞི་ནག་པོ། གཉིས་པ་བཞི་བཞི་དམར་པོ། །གསུམ་པ་བཞི་བཞི་དཀར་པོ། ཕྱག་ཐམས་ཅད་ཀྱི་མཐེ་བོང་སེར་པོ། མཛུབ་མོ་དཀར་པོ། གུང་མོ་དམར་པོ། མིང་མེད་ནག་པོ། མཐེའུ་ཆུང་ལྗང་གུ། སོར་མོ་རྣམས་ཀྱི་ཚིགས་ཀྱི་ཕྲེང་བ་དང་པོ་ནག་པོ། གཉིས་པ་དམར་པོ། གསུམ་པ་དཀར་པོ་སྟེ། སོར་གདུབ་རྣམས་ཀྱིས་མཛེས་ཤིང་འོད་འཕྲོ་བ། གཡས་ཀྱི་ཕྱག་ནག་པོ་བཞིས་རྡོ་རྗེ། རལ་གྲི། རྩེ་གསུམ། གྲི་གུག། དམར་པོ་བཞི་མེའི་མདའ། རྡོ་རྗེ་ལྕགས་ཀྱུ། ཌ་མ་རུ། ཐོ་བ། དཀར་པོ་བཞི་འཁོར་ལོ། མདུང༌། དབྱུག་པ། དགྲ་སྟ གཡོན་གྱི་ནག་པོ་བཞིས་དྲིལ་བུ། ཕུབ། ཁ་ཊྭཱཾ་ག་རྣམ་པར་རྒྱས་པ། ཁྲག་གིས་གང་བའི་ཐོད་པ། དམར་པོ་བཞི་གཞུ། ཞགས་པ། ནོར་བུ་རིན་པོ་ཆེ། པདྨ་དཀར་པོ། དཀར་པོ་བཞིས་དུང༌། མེ་ལོང༌། རྡོ་རྗེ་ལྕགས་སྒྲོག ཚངས་མགོ་གདོང་བཞི་པ་པདྨས་སྤྲས་པ་འཛིན་པ། ཤིན་ཏུ་རོལ་པའི་གཡས་བརྐྱངས་པའི་སྟབས་ཀྱིས་བཞུགས་པའི་ཞབས་གཡས་པ་དམར་པོས་འདོད་ལྷ་དམར་པོ་གདོང་གཅིག་ལག་པ་བཞི་པ་དང༌། གཡོན་པ་དཀར་པོས་དྲག་པོ་དཀར་པོ་གདོང་གཅིག་མིག་གསུམ་པ་མནན་པ། བདུད་དང་དྲག་པོའི་ལྷ་མོ་དགའ་མ་དང་ཨུ་མས་ཞབས་ཀྱི་མཐིལ་ལ་འཇུས་ཤིང་དམན་པའི་བཞིན་ཅན། ཕྱག་དང་པོ་གཉིས་ཀྱིས་ཡུམ་ལ་འཁྱུད་པའི་སྣ་ཚོགས་ཡུམ་གསེར་མདོག་ཅན། གཡས་སྐོར་གྱི་སེར་དཀར་སྔོ་དམར་བའི་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་བརྒྱད་ཀྱི་གཡས་པ་རྣམས་ན་གྲི་གུག་ལྕགས་ཀྱུ། ཌ་མ་རུ། བགྲང་ཕྲེང༌། གཡོན་པ་རྣམས་ན་ཤཀྵི། ཞགས་པ། པད་དཀར། རིན་པོ་ཆེ་རྣམས་བསྣམས་པ། རྡོ་རྗེ་སེམས་དཔའི་ཅོད་པན། ཕྱག་རྒྱ་ལྔས་བརྒྱ་ན་པ། གཡོན་བརྐྱངས་པའི་སྟབས་ཀྱིས་བཅོམ་ལྡན་འདས་དང་སྙོམས་པར་འཇུག་པས་གནས་པའོ། །འཁོར་རྣམས་གཞན་ལས་ཤེས་པར་བྱའོ། །
Domain ཆོས་ལུགས།
Synonyms དུས་ཀྱི་འཁོར་ལོ། དཔལ་ལྡན་དུས་འཁོར། དུས་འཁོར། ཤྲཱི་ཀཱ་ལ་ཙཀྲ། ཁམས་གསུམ་འཁོར་ལོས་བསྒྱུར་བ། མཆོག་གི་དང་པོའི་སངས་རྒྱས། གཉིས་སུ་མེད་པ། ཐབས་ཤེས་བདག་ཉིད། སྡོམ་པ་འདུས་པ། རྣམ་ཀུན་མཆོག་ལྡན། ཕྱི་ནང་གཞན་གསུམ་གྱི་བདག་ཉིད། འཕོ་མེད་པ། ཞི་བ། རིགས་ཀུན་ཁྱབ་བདག ཨེ་ཝཾ་ཡི་གེ། ཐོག་མའི་སངས་རྒྱས། དང་པོའི་སངས་རྒྱས། ཐོག་མའི་མགོན་པོ། རྣལ་འབྱོར་རྣམ་པ། རིགས་མེད་པ།

{{#arraymap:དཔལ་དུས་ཀྱི་འཁོར་ལོ་

|; |@@@ | | }}

དཔལ་དུས་ཀྱི་འཁོར་ལོ་ (2)
Part of speech མིང་ཚིག
Definition སྔགས་བླ་མེད་ཀྱི་རྒྱུད་སྡེ་ཞིག་གི་མཚན་ཏེ། དུས་འཁོར་རྩ་རྒྱུད་དང་བསྡུས་རྒྱུད་འགྲེལ་པ་སོགས་ལ་གོ་བ་ཡིན། དུས་འཁོར་གྱི་ཆོས་འདི་ཐོག་མར་རྒྱ་གར་དུ་དར་ཞིང༌། དེ་ནས་བོད་དུ་དར་བ་ནི་བཤད་སྲོལ་འདྲ་མིན་གཉིས་ཡོད་པ་སྟེ། གཅིག་ནི་སངས་རྒྱས་ཤཱཀྱ་ཐུབ་པ་སངས་རྒྱས་པའི་ལོ་དེའི་ཕྱི་ལོ་ཟླ་བ་གསུམ་པའི་ཚེས་བཅོ་ལྔ་ལ་གསུངས་པ་ཡིན་ཟེར་བ་དང༌། ཡང་ཤོད་ཚུལ་གཅིག་ལ་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་པའི་སྔོན་གྱི་ཟླ་བ་གསུམ་པའི་ཚེས་བཅོ་ལྔ་ལ་གསུངས་པ་ཡིན་ཟེར་བའི་ཤོད་ཚུལ་གཉིས་ཡོད་པ་ལས། བོད་ཀྱི་མཁས་པ་མང་ཆེ་བ་ནི་བཤད་སྲོལ་སྔ་མ་ལྟར་ཁས་ལེན། དུས་འཁོར་གྱི་ནང་དོན་ནི། ཕྱི་འཇིག་རྟེན་ཁམས་ཀྱི་ཉི་ཟླ་རྒྱུ་སྐར་སོགས་ཀྱི་འཁོར་ཚུལ་རྣམས་ནང་དུ་མི་ཡི་ལུས་ཀྱི་འབྱུང་བ་ལྔ་དང༌། རྩ་རླུང་ཐིག་ལེ་བཅས་ཀྱི་ཆགས་ཚུལ་ངེས་ཅན་ཡོད་པ་དང་ཟུང་འབྲེལ་བྱས་ནས་གསང་སྔགས་ཀྱི་ལམ་སྒོམ་ཚུལ་བཤད་པ་ཞིག་ཡིན། དུས་འཁོར་གྱི་ཆོས་འདི་བོད་དུ་ཐོག་མར་དར་བའི་དུས་ཚོད་གང་ཡིན་སྐོར་ལ་བཤད་ཚུལ་སྣ་ཚོགས་ཡོད་ཀྱང་བོད་ཀྱི་ལོ་རྒྱུས་མཁས་པ་མང་པོ་ཞིག་གིས་གསུངས་པ་ལྟར་ན་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲིའི་ལུགས་ཀྱི་སངས་རྒྱས་འདས་ལོ་ ༡༡༧༡ བོད་མེ་ཡོས་ཕྱི་ལོ་ ༡༠༢༧ ལོ་ལ་གྱི་ཇོ་ལོ་ཙཱ་བས་བོད་དུ་ཐོག་མར་དར་སྤེལ་བཏང་བ་དང་དུས་མཚུངས། མུ་སྟེགས་པའི་བྱེད་རྩིས་ལུགས་ཀྱི་མེ་མཁའ་རྒྱ་མཚོའི་འདས་ལོ་ ༤༠༣ ལོ་གྲངས་རྫོགས་པ་ཡིན་པས། མེ་ཡོས་ལོ་དེ་ལོ་འགོར་རྩིས་ནས་རབ་བྱུང་སྐོར་གཅིག་འགོ་ཚུགས་པའི་རྩིས་སྲོལ་དར་བ་ཡིན། དུས་འཁོར་གྱི་ཆོས་བོད་དུ་བསྒྱུར་ཞིང་གྲགས་ཆེ་བ་ནི་བཀའ་འགྱུར་སྔགས་ཕྱོགས་ཀ་པའི་ནང་དུས་འཁོར་རྩ་རྒྱུད་སོགས་ཆོས་ཚན་སྣ་ཁ་བདུན་ཙམ་དང༌། བསྟན་འགྱུར་སྔགས་ཕྱོགས་པོད་ཀ། ཁ། ག ང་། ཅ་པ་བཅས་པོད་ལྔ་ལ། དུས་འཁོར་རྩ་རྒྱུད་ཀྱི་འགྲེལ་པ་སོགས་ལེ་ཚན་བཞི་བཅུ་ཞེ་བརྒྱད་ཙམ་ཡོད་པ་རྣམས་ཀྱི་ཇོ་ལོ་ཙཱ་བ་དང༌། འབྲོ་ལོ་ཙཱ་བ། རྭ་ལོ་ཙཱ་བ་སོགས་ཀྱིས་བོད་སྐད་དུ་བསྒྱུར་བ་ཡིན་ཞིང༌། གཞན་ཡང་བོད་འདིར་རྙིང་མ། ས་སྐྱ། བཀའ་བརྒྱུད། ཇོ་ནང་། དགེ་ལུགས་སོགས་ཆོས་ལུགས་རིས་མེད་ཀྱི་མཁས་པ་མང་པོས་དུས་འཁོར་གྱི་སྐོར་ལ་བསྟན་བཅོས་མཛད་པ་ནི་མཐའ་ཡས་སོ། །

{{#arraymap:དཔལ་དུས་ཀྱི་འཁོར་ལོ་

|; |@@@ | | }}