26225

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་བེའུ་རུ་བླ་ཆེན་དགོན་ (1)
Part of speech མིང་ཚིག
Definition བེའུ་རུ་བླ་ཆེན་དགོན་པ་ནི། ཐོག་མར་འབའ་རོམ་བེའུ་རུ་དཀར་ཅོག་དགོན་ཞེས་པ་དེ་ཡིན་ལ། དགོན་འདི་ཉིད་ཆགས་པའི་གནས་དེར་བྲག་བེའུ་རྒོད་ཀྱི་རྭ་ཚིགས་སྐྱུགས་པ་འདྲ་བ་ཡོད་པ་ལ། འབའ་རོམ་བེའུ་རུ་དཀར་ཅོག་དགོན་ཞེས་ཐོགས། དགོན་རེ་ཁག་བཅོ་བརྒྱད་ནང་གི་གསུམ་པ་ཡིན་ཞིང་། དེའང་གུ་དཀར་བའམ་བེའུ་རུ་ཆོས་རྗེ་ཞེས་དགུང་བམ་རི་གཟི་པ། ཡབ་བེའུ་རུ་ཆོས་གྲགས་ཀྱི་སྲས་སུ་མདོ་སྨད་ཀྱི་ཕ་བོང་གུར་དཀར་ཞེས་པར་སྐུ་འཁྲུངས་པས་གུར་དཀར་བར་གྲགས། འགྲོ་མགོན་ཏི་ཤྲི་རས་པའི་ཞབས་ལ་བཏུགས། རབ་བྱུང་མཚན་ལ་ཡེ་ཤེས་རྡོ་རྗེ་ཞེས་གསོལ། ཆོས་ཕྱི་ནང་གི་སྒྲོ་དོགས་ཆོད་པར་མཛད། འཕུར་ཤེས་བཅུ་གསུམ་གྱི་ནང་ནས་རས་གུར་གཉིས་ཞེས་སྙན་གྲགས་ཆེ་བར་བཞུགས། ཕྱིས་སུ་དམུ་ཆུའི་སྙུང་གཞི་དྲག་པོ་བྱུང་ནས་དབུས་གཙང་དུ་འབྱོན་པར་བཞེད་ནས་ལམ་མགོ་རུའི་ཁེ་ནང་དུ་བྱོན་ནས་བཞུགས་པར་རས་པ་དཀར་པོའི་བཤེས་མཛད་པས། ངའི་ནད་འདི་བླ་མ་རིན་པོ་ཆེ་མ་བཞུགས་ཕྱིན་འདི་ཕྱོགས་ལ་སེལ་ནུས་མཁན་མེད། ད་ལན་རེ་ཞིག་དབུས་གཙང་དུ་སེལ་ནུས་པ་ཡོད་དམ་སྙམ་ནས་འགྲོ་བ་ཡིན་གསུངས་པས་རས་དཀར་བས་བླ་མ་རིན་པོ་ཆེ་མ་བཞུགས་ཀྱང་གདམས་པ་ཟབ་མོ་དེ་དག་བདག་ལ་བདོག ནད་འདི་སེལ་བ་ལ་དཀའ་བ་མི་ཡོང་གསུངས་ནས་བསྟན་དཀར་པོ་གཅིག་ལ་བཞུགས་སུ་བཅོལ་ནས་བྱིན་རླབས་མང་དུ་མཛད་དེ། འཕྲུལ་འཁོར་བཏང་་བས་སྙུང་ལས་གྲོལ། མཆེད་གྲོགས་ལ་དད་པ་དཔག་མེད་སྐྱེས་ནས་སྐུ་འབུམ་རྩར་ཕེབས་ནས་སླར་ཡང་གདམས་ངག་ཐམས་ཅད་ལ་ཉམས་བཞེས་དཔྱིས་ཕྱིན་མཛད་དེ་རྩ་བའི་བླ་མར་བཀུར། གྲུབ་པ་བརྙེས་ནས་གདན་ས་དེ་རུ་གཤེགས་སོ། །དེའི་སློབ་རྒྱུད་ལ་དབོན་ཨ་རོམ་སངས་རྒྱས་ཡེ་ཤེས་ཞེས་པ་བེའུ་རུ་དཀར་ཅོག་གི་རི་ཁྲོད་དུ་སྒྲུབ་པ་མཛད་ཅིང་ཚོགས་བདག་དངོས་སུ་གྲུབ། དེ་ཡི་དབོན་རྒྱུད་བླ་མ་ཤེས་རབ་གྲུབ་པ་དང་རིན་ཆེན་ཀླུ་སོགས་བྱོན་ཞིང་དེ་དག་རྩོད་མེད་ཀྱི་སྔགས་པ་ནུས་པ་ལ་དབང་ཐོབ་པ་ཤ་སྟག་ཡིན། དགོན་པ་འདི་ཉིད་ཀྱི་ས་གནས་ལ་སྲིན་མོ་གན་རྐྱལ་དུ་འགྱེལ་བའི་སྙིང་ཁ་ལྟ་བུའི་སྟེང་ལ་ཞབས་མནན་གྱི་ཚུལ་དུ་ཡོད་པ་རྟེན་འབྲེལ་ལེགས་པས་དགོན་པ་དར་རྒྱས་ཆེ་བར་སོང་། དགོན་པ་ལ་ས་ཞིང་ཆེན་པོ་ཡོད་ཀྱང་ཐོག་ར་དགོན་པའི་ནང་དུ་ཡོད་པས་བམ་པོ་དགོན་པའི་ནང་དུ་འགེལ་གྱིས་ཡོད་སྐབས་བམ་ཁེལ་གྱེན་དུ་འགྲོ་བར་ཤིན་ཏུ་དཀའ་བས་ཕྱག་མཛོད་དབང་ཆེན་ཞིག་ཡོད་པས་དགོན་པ་སྔར་གྱི་རི་མཐར་སྤོས་ཉེས་ཀྱིས་རྟེན་འབྲེལ་འཆུག་ནས་སྲིན་མོའི་བོལ་ལྡེབ་ལྟ་བུ་ཐོག་ཏུ་ཁེལ་ནས་སྲིན་མོའི་རྐང་པས་སྤྲུག་སྤྲུག་བཏང་བ་ལྟར་དགོན་པ་འཐོར་ཞིག་ཏུ་སོང་། དེ་ནས་དགོན་གནས་དེར་དགོན་པ་ཆགས་མ་ཐུབ་ནས་འཐོར་ཞིག་ཏུ་སོང་བའི་རྐྱེན་གྱིས་ས་སྐྱའི་བདག་ཆེན་ཤེས་རབ་རྒྱལ་མཚན་རབ་བྱུང་༨ པའི་ལྕགས་སྟག་ལོར་ནང་ཆེན་དང་སྒ་ཁོག་སོགས་ལ་ཕེབས་སྐབས་བླ་མར་བསྟེན་ནས་ཆོས་ལུགས་ཀྱང་ས་སྐྱ་པར་འགྱུར་བར་སྣང་། སོག་གོ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་བཀའ་བསྟན་ཉག་ཕྲ་བར་བཏང་སྐབས་ས་སྐྱར་འགྱུར་བའང་བཤད་ཚུལ་འདུག གང་ལྟར་ཡང་དཔལ་བེའུ་རུ་རྣམ་རྒྱལ་བདེ་ཆེན་གླིང་ནི་རབ་བྱུང་༨ པའི་ས་སྟག་ཕྱི་ལོ་ ༡༤༥༨ ལོར་དབོན་རྒྱུད་བྱམས་པ་ངག་དབང་ནས་ཕྱག་བཏབ་ཞེས་པ་ལྟར་ན་ད་ལྟའི་ཆུ་རྟ་ལོའི་བར་ལོ་ ༥༤༤ ཙམ་འདས་འདུག ཡང་འགའ་ཞིག་གིས་རབ་བྱུང་བདུན་པའི་ཤིང་ལུག་ལ་བླ་ཆེན་དགོན་ཆགས་བཤད་པ་ལྟར་ན་ལོ་ ༥༨༨ སོང་བས་ལོ ༥༥ ཡི་སྔ་ཕྱི་ཡོད་འདུག བེའུ་རུ་དཀར་ཅོག་དགོན་པ་དེ་ཕྱིས་འཐོར་ཞིག་ཏུ་སོང་སྐབས་དབོན་རྒྱུད་བླ་མ་གསུམ་ཡོད་པ་ལས་བླ་མ་ཆེ་བ་དེ་རྟེན་སྐལ་བགོས་ཡོང་བའི་ཐུབ་པ་ནས་ལེན་མ་དང་། མི་ལ་སྐྲ་སྐྱེས་མ་སོགས་རྟེན་སྐལ་བཀལ་བའི་དྲིལ་ཞིག་ཡོད་པ་ས་དེར་ཉལ་ནས་ལང་དུ་མ་ཉན་པས་ས་དེར་ཞག་མལ་བྱེད་དགོས་བྱུང་། དེ་ནུབ་བླ་མའི་རྨི་ལམ་དུ་ཨ་ཙ་ར་གཉིས་ཀྱིས་ས་དཀར་པོ་སྒྱེ་མོ་གང་རེ་ཁུར་ནས་གར་བྱེད་པ་དང་ས་དཀར་པོ་དེ་གླིང་དེར་ཁྱབ་པར་བྱས་ནས་གཏོར་བ་སོགས་ཀྱིས་ས་འདུལ་མཛད་པ་དང་། ས་དཀར་པོ་འཐོར་བས་ས་སྐྱ་པའི་བསྟན་པ་རྒྱས་པའི་རྟེན་འབྲེལ་བཟང་བ་དང་ས་དཔྱད་གཟིགས་པས་དུང་གཡས་འཁྱིལ་གྱི་གཤོག་པ་འདྲ་བའི་ནང་དུ་ཆགས་ན་སྙན་གྲགས་ཆེ་བར་ཡོང་འདུག་དགོངས་ནས་ས་དེེར་དགོན་པ་འདེབས་རྒྱུ་གཏན་ཁེལ་མཛད། ཕྱིས་སུ་ནང་ཆེན་མཁན་པོས་འབྲུག་གི་རྔ་ལྕོག་སྟེང་དུ་ཆགས་པ་འདྲ་བས་མཚན་སྙན་གྱི་གྲགས་པ་དེ་ནས་བྱུང་གསུངས་པའི་ལོ་རྒྱུས་ཡོད་འདུག དེ་ནས་ཚ་ལུང་ནང་དང་གཞུ་ཤུབས་སོགས་ལ་སྦྲ་དགོན་མཛད་ནས་ལོ་ཤས་བཞུགས་སྐད། དེ་བཞིན་སྲས་ཆུང་བ་དང་འབྲིང་བ་གཉིས་ཀྱིས་ཀྱང་ཡུག་བེའུ་རུ་དགོན་དང་བླ་ཆུང་དགོན་གཉིས་ཕྱག་བཏབ་ནས་འགྲོ་དོན་བསྟན་པ་བསྐྱངས་སོ། །

{{#arraymap:དཔལ་བེའུ་རུ་བླ་ཆེན་དགོན་

|; |@@@ | | }}