26530

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ (1)
Part of speech མིང་ཚིག
Definition རྒྱ་གར་ཤར་ཕྱོགས་བྷངྒ་ལའི་ལྷོ་ཕྱོགས། རྒྱ་གར་དང་རྒྱ་ནག་འདབས་འབྲེལ་བའི་རྒྱ་གར་ཕྱོགས་ཀྱི་རྒྱ་མཚོས་བཅད་པའི་གླིང་ཕྲན་ཨསྟུ་ཀ་ཡ་ཕལ་སྐད་ལ་ཟེར་ཞིང་། གྲོང་ཁྱེར་དཔལ་ཡོན་ཅན་ཞེས་ཤིན་ཏུ་རྒྱ་ཆེ་བ། དེའི་འགྲམ་ན་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ཆེན་པོ་ནི། སྔོན་སངས་རྒྱས་གསེར་ཐུབ་འཇིག་རྟེན་དུ་བྱོན་པའི་དུས་སུ་མུ་གེས་ཉམ་ཐག་པའི་སེམས་ཅན་ལ་ཕན་ཕྱིར་དགེ་སློང་ཞིག་གིས་ཉིན་ལམ་བཅུ་གཉིས་ཀྱི་སར་འབྲས་སོ་བའི་ཆར་བ་ཕབས་ནས་སེམས་ཅན་ཚིམ་པར་བྱས། འབྲས་ལྷག་རྫུ་འཕྲུལ་གྱིས་བསྡུས་ཏེ། མཆོད་རྟེན་ཆེན་པོ་ཞིག་བཞེངས་པས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དཔལ་ཡོན་ཅན་ཟེར་ཡང་། དེ་ཨརྒའི་ས་འདྲ་བ་ཤིན་ཏུ་མཁྲེགས་པ། དེའི་ཕྱི་རོལ་ན་ལྕགས་རི་བྲག་རི་འདྲ་བ་རིམ་པ་གཉིས་ཡོད། ཉི་མ་གཅིག་ལ་བསྐོར་བ་གཅིག་ཐེབས་ཚོད་ཡོད་པ་དེའི་མཆོད་རྟེན་གྱི་ནང་དུ་སྟོན་པ་ཤཱཀྱ་ཐུབ་པ་རྒྱ་གར་རྡོ་རྗེ་གདན་དུ་སངས་རྒྱས་ནས། དེའི་ལོ་ཕྱི་མ་བོོད་ཟླ་གསུམ་པའི་ཚེས་བཅོ་ལྔ་ནག་པ་ཟླ་བའི་ཉ་ལ་གསུངས་ཟེར་བ་དང་། ཡང་བཅོམ་ལྡན་འདས་མྱ་ངན་ལས་འདའ་ཁ་མ་ཟླ་བ་གསུམ་པ་ནག་པའི་ཉ་ལ་རྩ་རྒྱུད་གསུངས། ཟླ་བ་ཕྱི་མ་བཞི་པ་ས་གའི་ཉ་ལ་སྐུ་མྱ་ངན་ལས་འདས་ཏེ། དུས་འཁོར་རྩ་རྒྱུད་གསུངས་ནས་སངས་རྒྱས་ཟླ་བ་གཅིག་ལས་མ་བཞུགས་ཟེར་བའི་ལུགས་གཉིས་གང་ལྟར་ཡང་། བྱང་ཤམྦྷ་ལའི་རྒྱལ་པོ་ཉི་མའི་འོད་དང་། བཙུན་མོ་ལྷ་མོ་རྣམ་པར་རྒྱལ་བའི་སྲས་ཕྱག་ན་རྡོ་རྗེའི་སྤྲུལ་པ་རྒྱལ་པོ་ཟླ་བ་བཟང་པོ་དང་། ཡུལ་ཆེན་དགུ་བཅུ་གོ་དྲུག་གི་རྒྱལ་ཕྲན་དགུ་བཅུ་གོ་དྲུག་དང་བཅས་རྫུ་འཕྲུལ་གྱིས་ཀླུ་སྒྲུབ་བཞུགས་པའི་གནས་རྒྱ་གར་ལྷོ་ཕྱོགས་དཔལ་གྱི་རིར་ཉེ་བ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དེ་ཡི་ནང་དུ་འདུས་ནས་སྟོན་པ་སངས་རྒྱས་ལ་དུས་འཁོར་རྩ་རྒྱུད་ཤླཽ་ཀ་སྟོང་ཕྲག་བཅུ་གཉིས་ཡོད་པ་ཞུས་ཞེས་དང་པོའི་སངས་རྒྱས་དཔལ་དུས་ཀྱི་འཁོར་ལོའི་ལོ་རྒྱུས་དང་མིང་གི་རྣམ་གྲངས་ལས་གསུངས་སོ། །