26559

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་ལྡན་ས་སྐྱ་ (1)
Part of speech མིང་ཚིག
Definition མཚན་རྒྱས་པ། བོད་ཀྱི་རྡོ་རྗེ་གདན་དཔལ་ལྡན་ས་སྐྱ་པའི་གཙུག་ལག་ཁང་ཆེན་མོ། ཡང་ན། གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་ཞེས་ཡོངས་སུ་གྲགས་པ་འདི་ནི། ཐོག་མར་འཁོན་དཀོན་མཆོག་རྒྱལ་པོས། རབ་བྱུང་དང་པོའི་ཆུ་མོ་གླང་། ཕྱི་ལོ་ ༡༠༧༣ ལོར། དཔོན་པོ་རིའི་འདབས་སུ་ཕྱག་བཏབ། དེ་ཡང་འཇམ་དཔལ་རྩ་རྒྱུད་དང་། སློབ་དཔོན་པདྨ་འབྱུང་གནས་སོགས་ཀྱིས། གནས་དང་གང་ཟག་ལུང་བསྟན་པ་དང་། ས་སྐྱ་པའི་མི་འགྱུར་གཟེར་བཞི་བཏབ་ཅིང་། ཇོ་བོ་རྗེས་དཔོན་པོ་རིའི་ངོས་ལས་རིགས་གསུམ་མགོན་པོའི་སྤྲུལ་པ་འབྱོན་པ་དང་། གུར་ཞལ་གཉིས་ཀྱིས་འཕྲིན་ལས་བསྒྲུབ་པར་ལུང་བསྟན་བརྙེས། འཁོན་དཀོན་མཆོག་རྒྱལ་པོས་ས་དཀར་ཞིང་སྣུམ་ལ། ཆུ་གཡས་སུ་འབབ་པ་སོགས་བཀྲ་ཤིས་པའི་དགེ་མཚན་མང་དུ་གཟིགས་ཏེ། དགུང་ལོ་ཞེ་གཅིག་པར། སྒོ་རུམ་གཟིམས་སྤྱིལ་དཀར་པོའི་གཙུག་ལག་ཁང་ཐོག་མར་བཞེངས། དེ་ནས་ས་ཆེན་གྱིས་ཕྱི་རྟེན་གྱི་འགྲམ་བཏིང་པ་དང་། རྗེ་བཙུན་གྱིས་དབུ་རྩེ་རྙིང་མའི་གཙུག་ལག་ཁང་། ས་པཎ་གྱིས་སྒོ་རུམ་ཆོས་མཛོད་ཆེན་མོ། འགྲོ་མགོན་ཆོས་འཕགས་ཀྱིས་རིན་ཆེན་སྒང་གི་གཙུག་ལག་ཁང་ལ་སོགས་བཞེངས་ཏེ་དར་རྒྱས་མཛད་ལ། རིམ་གྱིས་ ཉི་ལྡེ་དང་རྫོང་ཆུང་སོགས་བླ་བྲང་བཅུ་ཕྲག་དང་། ཡོངས་གྲགས་ཀྱི་བཞི་ཐོག་བླ་བྲང་དང་། ལྷ་ཁང་བླ་བྲང་། དུས་མཆོད་བླ་བྲང་། རིན་ཆེན་སྒང་བླ་བྲང་ལ་སོགས་རྒྱ་བསྐྱེད་ཤིན་ཏུ་ཆེན་པོ་བྱུང་། འདི་དག་གྲུམ་ཆུའི་བྱང་ངོས་སུ་ཆགས་པས་ཆོས་སྡེ་བྱང་ཞེས་གྲགས་ལ། དེ་ནས་ས་སྐྱ་པས་བོད་སྤྱི་ལ་དབང་བསྒྱུར་བའི་དུས། འགྲོ་མགོན་ཆོས་རྒྱལ་འཕགས་པས་བོད་ཁྲི་སྐོར་བཅུ་གསུམ་བསྐུལ་ནས། ས་འབྲུག་ལོ། ཕྱི་ལོ་ ༡༢༦༨ ལོར་། བཞེངས་པའི་སྤྲུལ་པའི་ལྷ་ཁང་ཆེན་མོ་ཞེས་པ། ལྷ་ཁང་མཐིལ། ཕུར་པ་ལྷ་ཁང་། སྐུ་གདུང་རིག་འཛིན་ལྷ་ཁང་ལ་སོགས་པ་འདི་དག་གྲུམ་ཆུའི་ལྷོ་ངོས་སུ་ཆགས་པས་ཆོས་སྡེ་ལྷོ་ཞེས་གྲགས། དགེ་འདུན་ཡང་འཇམ་མགོན་ས་པཎ་གྱི་སྐུ་དུས་སོགས་སུ་གྲྭ་ཚོགས་ཤིན་ཏུ་ཆེ་བས། རིགས་ཆེན་པ་རང་ལ་ཡང་ཆ་བརྒྱད་བཅུ་ཙམ་བྱུང་བ་སོགས་འཕེལ་འགྲིབ་སྣ་ཚོགས་བྱུང་ཡོད། ནང་རྟེན་ལ། ཐུབ་ཆེན་འཛམ་གླིང་གཡས་བཞག་དང་། ངོ་མཚར་རྟེན་བཞི་ལ་གྲངས་ལས་འདས་པ་དང་། ལྕགས་ལུང་མ་སོགས་གསེར་དངུལ་སོགས་ལས་བཞེངས་པའི་ཆོས་ཀྱི་པོ་ཏི། ཕྱི་ས་རྡོའི་རྩིག་པ་ཞིག་ཀྱང་ནང་ཆོས་ཀྱི་རྩིག་པ་མི་ཞིག་པ་ལ་སོགས་ཤིན་ཏུ་མང་ལ། དགོན་པ་འདི་ཉིད་ས་དཀར་པོའི་ངོགས་སུ་ཆགས་པས་ས་སྐྱ་དགོན་པ་ཞེས་དང་། འདི་ནས་མཆེད་པའི་སློབ་བརྒྱུད་ལ་ས་སྐྱ་པ་ཞེས་གྲགས་ཤིང་། །གདན་ས་འདིའི་ཆེ་བ་བཞི་ནི། གདུང་བརྒྱུད་ཀྱི་ཆེ་བ། ཆོས་བརྒྱུད་ཀྱི་ཆེ་བ། གདན་སའི་གནས་ཀྱི་ཆེ་བ། ཆབ་སྲིད་མངའ་ཐང་གི་ཆེ་བ་བཅས་ལྡན་ཡོད། འོན་ཀྱང་རྒྱ་ནག་གིས་བཙན་འཛུལ་འོག་དང་ལྷག་པར་རིག་གནས་གསར་བརྗེའི་སྐབས། ཆོས་སྡེ་བྱང་རྩ་སྟོར་དུ་སོང་བ་དང་། ཆོས་སྡེ་ལྷོ་དེ་ཉིད་མ་ཉམས་ཙམ་དུ་གནས་པས་སླར་བསྟན་པ་རྟེན་དང་བཅས་པ་ཉམས་གསོ་རྒྱ་བསྐྱེད་དུ་འགྲོ་བཞིན་པ་བཅས་སོ། །

{{#arraymap:དཔལ་ལྡན་ས་སྐྱ་

|; |@@@ | | }}