26626

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་ (1)
Part of speech མིང་ཚིག
Definition གདན་ས་དཔལ་སྤུངས་ཞེས་པའི་མཚན་དོན་ནི་ཐུབ་བསྟན་ཐེག་གསུམ་ལུང་རྟོགས་དཔལ་ཀུན་སྤུངས་པ། བཤད་སྒྲུབ་ལས་གསུམ་དཔལ་ཀུན་སྤུངས་པ། ཤིང་རྟ་བརྒྱད་ཀྱི་དཔལ་ཀུན་སྤུངས་པ། ཀ་ཆེན་བཅུ་ཡི་དཔལ་ཀུན་སྤུངས་པ། གནས་བཅུ་རིག་པའི་དཔལ་ཀུན་སྤུངས་པ་སྟེ་མདོར་ན་ཆོས་དང་རིག་གཞུང་གཞན་ཕན་གྱི་གཏེར་མཛོད་ཟབ་དགུ་ཀུན་གྱི་དཔལ་དང་ཡོན་ཏན་ཡེ་ཤེས་ཀྱི་བང་མཛོད་ཆེན་པོར་དགོངས་པའོ། །དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་ནི། བོད་མདོ་ཁམས་སྡེ་དགེ་ས་ཡི་ཆར་ཡོན་ཏན་ཐུགས་ཀྱི་གནས་ཙཱ་འདྲ་རིན་ཆེན་བྲག་གི་མདུན་ཞོལ། སྔོན་དུས་རྗེ་མར་པས་བསྟན་པ་རྒྱས་པ་ལུང་བསྟན་པ་བཞིན་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱིས་དགུང་ལོ་ཉེར་བརྒྱད་བཞེས་པ་རབ་བྱུང་བཅུ་གཉིས་པའི་མེ་ལུག ཕྱི་ལོ་ ༡༧༢༧ ལོར་སི་ཏུ་པཎ་ཆེན་དང་ཨ་ལོ་བླ་མ་ཀུན་མཁྱེན་གཉིས་ནས་ས་དཔྱད་གཟིགས་པས་ལྟས་བཟང་བ་དང་རྟེན་འབྲེལ་འགྲིགས་སྟབས་དཔོན་སློབ་གཉིས་ཀས་གདན་ས་བཞེངས་རྒྱུའི་ཐུགས་ཐག་བཅད། ཟླ་བ་གསུམ་པའི་ནང་འཕྲོད་སྦྱོར་དགེ་བར་ས་སློང་མཛད་དེ་རྨང་བཏིང་། སྡེ་དགེ་རྒྱལ་པོས་འུ་ལག་གནང་སྟེ་ལོ་གཉིས་ཙམ་གྱི་ནང་གཙུག་ལག་ཁང་དང་གྲྭ་ཤག་བཞེངས་གྲུབ། སྐབས་དེར་རྗེ་སི་ཏུ་པཎ་ཆེན་ཉིད་ཙཱ་འདྲ་རིན་ཆེན་བྲག་ཏུ་བཅད་རྒྱར་བཞུགས། ས་བྱི། ཕྱི་ལོ་ ༡༧༢༩ ལོར་སྡེ་དགེ་རྒྱལ་པོ་ཆོས་རྒྱལ་བསྟན་པ་ཚེ་རིང་སྟོན་འཁོར་དང་བཅས་ཤར་དཔལ་སྤུངས་སུ་བྱོན་ནས་དགོན་པ་བཏབ་པའི་ལེགས་སྐྱེས་དངོས་པོ་གནང་བ་དང་ཆབས་ཅིག་སྡེ་དགེའི་མངའ་ཁོངས་སུ་གཏོགས་པའི་ཕྱི་འབྲོག་པདྨ་དཔོན་ཁག་རྣམས་དང་། ཨ་ལོ། དཔེ་བར། ལྷ་རུ་སོགས་ནས་བཙུན་ཁྲལ་ལྔ་བརྒྱ་བཀས་བཅད་ཀྱིས་གྲྭ་རྒྱུན་བསྡུས། ཕྱི་ལོ་ ༡༧༣༠ ལྕགས་ཁྱི་ལོ་ཙམ་ནས་སྡེ་དགེ་ཆོས་རྒྱལ་གྱིས་རྒྱལ་བའི་བཀའ་འགྱུར་རོ་ཅོག་སྤར་དུ་བཞེངས་པའི་ཞལ་བསབ་དག་ཐེར་ནན་ཏན་དུ་མཛད་པས་སྡེ་དགེ་བཀའ་འགྱུར་ཞེས་ཀུན་གྱིས་ཚད་འཛིན་ཕུགས་གཏུགས་ཀྱི་ཡུལ་དུ་གྱུར་པ་དང་། དུས་དེ་ཙམ་ནས་སྡེ་དགེའི་གཞུང་མཆོད་ཡོན་རྣམ་གཉིས་ཞེས་བསྟན་འགྲོར་ཕན་བདེ་རླབས་ཆེན་སྤེལ་བའི་མཛད་ཕྲིན་མངོན་པར་མཐོ་བའི་མངའ་བདག་ཏུ་གྱུར། དེ་ནས་བཟུང་སི་ཏུ་སྐུ་ཕྲེང་ན་རིམ་སྡེ་དགེ་ཚང་གི་དབུ་བླ་གྱུར་ལ་སྡེ་དགེ་རྒྱལ་པོའི་ཆུས་སྲིད་ལ་དཔལ་སྤུངས་སི་ཏུ་སྐུ་རབས་ཀྱིས་ཕན་བདེའི་ཕྲིན་ལས་རྒྱལ་ཆེར་སྤེལ་བ་དང་། ཕྱི་ལོ་ ༡༧༥༤ ལོར་དཔལ་སྤུངས་གནས་ལྔ་རིག་པའི་སློབ་གླིང་གསར་དུ་བཙུགས་ཏེ་རིས་མེད་མཁས་པའི་འབྱུང་ཁུངས་དང་དྭགས་བརྒྱུད་བསྟན་པ་འཛིན་སྐྱོང་སྤེལ་བའི་གདན་ས་ཆེན་པོ་ཞིག་ཏུ་གྱུར། ཕྱི་ལོ་ ༡༧༧༤ ལོར་འཁྲུངས་པ་སི་ཏུ་པདྨ་ཉིན་བྱེད་དང་། འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། མཆོག་གྱུར་བདེ་ཆེན་གླིང་པ་ཡབ་སྲས་བརྒྱུད་འཛིན་རྣམས་ཀྱི་སྐབས་དཔལ་སྤུངས་སྒྲུབ་སྡེ་གོང་འོག་བར་གསུམ་དང་སྤར་ཁང་དམ་ཆོས་བང་མཛོད་གསར་དུ་བཞེངས། སི་ཏུ་པདྨ་དབང་མཆོག་རྒྱལ་པོས་མེ་ཡོས་ཕྱི་ལོ་ ༡༩༢༧ ལོར་འདུ་ཁང་ཆེ་མོ་རྒྱ་བསྐྱེད་དང་བཤད་གྲྭ་དང་སྤར་ཁང་བཅས་རྒྱ་བསྐྱེད་བསྐྱར་བཞེངས་མཛད་པ་དང་དུས་རབས་འཕོ་འགྱུར་རྗེས་སུ་ད་ལྟ་འཚོ་བཞུགས་སི་ཏུ་པདྨ་དོན་ཡོད་གྲུབ་པའི་ཐུགས་བསྐྱེད་འོག་བཤད་སྒྲུབ་དར་རྒྱས་སུ་འབྱུང་བཞིན་པའོ། །

{{#arraymap:དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་

|; |@@@ | | }}