26629

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་སྤུངས་དབོན་རྒན་དང་པོ་ (1)
Part of speech མིང་ཚིག
Definition དབོན་ཀརྨ་བསམ་གཏན་ནི་སི་ཏུ་པཎ་ཆེན་གྱི་སྐུ་མཆེད་གཞོན་པ་ཡིན་ཞིང་། ཕྱི་ལོ་ ༡༧༠༨ རབ་བྱུང་བཅུ་གཉིས་པའི་ས་བྱི་ལོར་སྡེ་དགེ་ཨ་ལོའི་གྲོང་དུ་འཁྲུངས། ཆུང་དུས་ནས་གཅེན་པོ་སི་ཏུ་པཎ་ཆེན་དང་། འབྲུག་ཁམས་སྤྲུལ་ཆོས་ཀྱི་ཉི་མ། འབྲུག་ཡོངས་འཛིན་རིན་པོ་ཆེ། རིག་འཛིན་ཚེ་དབང་ནོར་བུ། འབེ་ལོ་ཚེ་དབང་ཀུན་ཁྱབ། དེའུ་དམར་བསྟན་འཛིན་ཕུན་ཚོགས་སོགས་བསྟེན་ནས་མདོ་སྔགས་རིག་གནས་ཐམས་ཅད་ལ་མཁས་པར་སྦྱངས། ཁྱད་པར་དུ་དེའུ་དམར་བསྟན་འཛིན་ཕུན་ཚོགས་ལས་གསོ་རིག་བསླབས་པས་ལག་ལེན་དམར་ཁྲིད་ལ་ཤིན་ཏུ་མཁས་པས་གཡུ་ཐོག་ཡོན་ཏན་མགོན་པོའི་སྤྲུལ་པ་ཞེས་ཡོངས་སུ་གྲགས། སློབ་ཚོགས་ཀྱང་རྒྱལ་དབང་བདུད་འདུལ་རྡོ་རྗེ་དང་། དཔའ་བོ་གཙུག་ལག་དགའ་བ་སོགས་བཀའ་བརྒྱུད་ཡབ་སྲས་རྣམས་དང་། གསུང་རྩོམ་ལ་སྨན་གྱི་རྒྱུད་བཞིའི་མཆན་འགྲེལ་དང་། མགུར་སོགས་བྲིས་མ་ཡོད་པར་གྲགས། སི་ཏུ་པཎ་ཆེན་གྱི་སྐུ་མཆེད་ཆུང་ཤོས་ཡིན་ཡང་སི་ཏུ་པཎ་ཆེན་སྐུ་གཤེགས་རྗེས་དཔལ་སྤུངས་ཀྱི་གདན་ས་བསྐྱངས་ནས་སྐུ་ན་བགྲེས་ཅན་དུ་བཞུགས་པའི་དུས་ན་སྡེ་དགོན་རྣམས་ཀྱིས་དབོན་རྒན་རིན་པོ་ཆེ་ཞེས་འབོད་སྲོལ་བྱུང་། མཐར་དགུང་ལོ་དོན་བཞི་པར་ཕྱི་ལོ ༡༧༨༢ རབ་བྱུང་བཅུ་གསུམ་པའི་ཆུ་སྟག་ལོར་ཞི་བར་གཤེགས་སོ། །