26639

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་སྤུངས་བཤད་གྲྭ་ (1)
Part of speech མིང་ཚིག
Definition དཔལ་སྤུངས་གནས་ལྔ་རིག་པའི་སློབ་གླིང་ནི། ཕྱི་ལོ་ ༡༧༥༤ ལོར་ཏཱའི་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་གསར་འཛུགས་མཛད་ཅིང་། རྗེ་ཉིད་ཀྱིས་བསྡུས་གྲྭ་ནས་བཟུང་སྒྲ་དང་ཚད་མ་མདོ་སྔགས་རིག་གནས་དང་བཅས་པའི་བཤད་པ་དང་། དབོན་ཀརྨ་ངེས་ལེགས་དང་འབེ་ལོ་ཚེ་དབང་ཀུན་ཁྱབ་སོགས་ཀྱིས་ཀྱང་བཤད་པ་རྒྱ་ཆེར་མཛད། སྒྲ་ཚད་རིག་གནས་དང་མདོ་སྔགས་གཞུང་ལུགས་བཅས་པ་ལ་མཁས་པའི་སློབ་མ་མང་པོ་བྱུང་། ཕྱི་ལོ་ ༡༧༧༤ ལོར་འཁྲུངས་པ་སི་ཏུ་པདྨ་ཉིན་བྱེད་དང་། འཇམ་མགོན་བློ་གྲོས་མཐའ་ཡས་ཡབ་སྲས་བརྒྱུད་འཛིན་རྣམས་ཀྱིས་བསྐྱར་གསོ་གོང་འཕེལ་དང་འབྲེལ་གཞུང་རིག་གནས་དང་བཅས་པའི་བཤད་པ་རྒྱུན་འཁྱོངས་མཛད་པས་བརྒྱུད་འཛིན་གྱི་སློབ་མ་མང་པོ་རིམ་ཐོན་གྱིས་མདོ་སྔགས་རིག་གནས་ཀྱི་གཞུང་རྩོམ་འཆད་སྤེལ་རྒྱ་ཆེར་མཛད། ཕྱི་ལོ་ ༡༨༨༦ ལོར་འཁྲུངས་པ་སི་ཏུ་པདྨ་དབང་མཆོག་གི་སྐབས་སུ་བསྐྱར་བཞེངས་རྒྱ་བསྐྱེད་དང་བཅའ་ཡིག་གསར་བཀོད་མཛད། འཇམ་མགོན་བློ་གྲོས་མཐའ་ཡས་དང་མཁན་ཆེན་བཀྲ་ཤིས་འོད་ཟེར་ཟུང་གི་ཞལ་ཆེམས་ལྟར་སི་ཏུ་པདྨ་དབང་མཆོག་རྒྱལ་པོས། རབ་བྱུང་བཅོ་ལྔ་པའི་ལྕགས་ཁྱི་ ༡༩༡༠ ལོར་མཁན་ཆེན་གཞན་དགའ་འཁོར་སློབ་བྱེས་བན་མང་པོ་དང་བཅས་དཔལ་སྤུངས་སུ་གདན་དྲངས། ལོ་དེའི་དབྱར་ཀ་ནས་བཟུང་གཞུང་ཆེན་ཁག་གི་ཆོས་ཁྲིད་དབུ་བཙུགས་པ་ནས་ལོ་བརྒྱད་ཀྱི་རིང་འཆད་ཁྲིད་མཛད་པས་མཁན་པོ་དང་སློབ་ཐོན་པ་དུ་མ་བྱུང་། སི་ཏུ་པདྨ་དབང་མཆོག་རྒྱལ་པོའི་དགོངས་བཞེད་ལྟར་དཔལ་ནཱ་ལནྡའི་ལྷོ་སྒོ་བསྲུང་བའི་པཎྜི་ཏ་ཤེས་རབ་འབྱུང་གནས་ཀྱི་བཀའ་འགྲེལ་ལ་གཞི་བཅོལ་ཏེ་སྤྱོད་འཇུག་ནས་དབུ་བརྩམས་ཏེ་གཞུང་ཆེན་བཅུ་གསུམ་གྱི་མཆན་འགྲེལ་བརྩམས། སྨན་གྱི་གྲྭ་ཚང་བཙུགས་ནས་གཞུང་འཆད་ཉན་ལག་ལེན་བཅས་མཛད་པས་སྨན་པ་མཁས་པ་མང་པོ་བྱུང་། ཕྱོགས་མཐའ་ནས་ཕེབས་པའི་དགེ་བའི་བཤེས་གཉེན་སྡེ་སྣོད་འཛིན་པ་བརྒྱ་ཕྲག་མང་པོས་དཔལ་སྤུངས་ཆོས་སྡེ་ཡོངས་སུ་ཁེངས། སྐད་རིགས་མི་འདྲ་བའི་ཡུལ་ཕྱོགས་དུ་མ་ལའང་མདོ་སྔགས་རིག་གཞུང་བཅས་འཆད་ཉན་དང་ཆོས་བསྒྱུར་བའི་ཕྲིན་ལས་རྒྱས་པས་ཤཱཀྱའི་བསྟན་པ་ས་ཕྱོགས་དུ་མར་ཡོངས་སུ་དར་སྤེལ་མཛད་དོ། །བཤད་གྲྭ་བ་རྣམས་ཀྱི་བསླབ་བྱའི་ཐོག་མར་སུམ་རྟགས་དག་གསུམ་ནས་བཟུང་ཐུན་མོང་རིག་གནས་སྤྱི་དང་། མདོ་སྔགས་གཞུང་ཆེན་བརྒྱད་གཙོས་པའི་གཞུང་ལུགས་ཁག་ལ་འཆད་ཉན་བྱེད་སྲོལ་ཡོད། དེ་རྗེས་དུས་འགྱུར་སྐབས་ཉམས་ཆག་བྱུང་ཡོད་ན་ཡང་ད་ལྟ་འཚོ་བཞུགས་སི་ཏུ་པདྨ་དོན་ཡོད་གྲུབ་པ་མཆོག་ནས་སླར་ཡང་ཉམས་གསོ་མཛད་དེ་དེང་སྐབས་གཞིས་བྱེས་གཉིས་ཀར་དར་རྒྱས་ཐོག་སློབ་ཐོན་པ་མཁན་སློབ་མང་པོས་རིས་མེད་དགོན་སྡེ་ཁག་ལ་འཆད་ཁྲིད་གནང་མུས་ལགས་སོ། །

{{#arraymap:དཔལ་སྤུངས་བཤད་གྲྭ་

|; |@@@ | | }}