26919
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དཔྱད་སྒོམ་དང་འཇོག་སྒོམ་གཉིས། དེ་ཡང་འཇོག་སྒོམ་ནི་ཞི་གནས་ཀྱི་སྒོམ་པ་སྟེ། ཞི་གནས་སྒོམ་པའི་ཐོག་མར་ལུས་གནད་ཀྱི་ཚུལ་གལ་ཆེ་བས། དེའང་བདེ་བའི་སྟན་ལ་གནས་ཏེ་ལུས་ཀྱི་ཀུན་སྤྱོད་ཆོས་བརྒྱད་ལྡན་དུ་བྱ་སྟེ། འདི་ལྟར་རྐང་བ་སྐྱིལ་ཀྲུང་ངམ་ཕྱེད་སྐྱིལ། མིག་ཕྱེད་ཟུམ་སྣ་རྩེར་གཏད། ལུད་དྲང་པོར་བསྲང་། ཕྱག་མཉམ། སྣ་ལྟ་བའི་ཚུལ་དུ་བཞག་སོ་མཆུ་ལ་བར་ཅུང་ཟད་བྱ་ཞིང་། ལྕེ་རྐན་ལ་སྦྱར། དབུགས་རྩོལ་བ་བྲལ་བར་རང་ལུགས་སུ་བཏང་བར་བྱ་ལ། སེམས་ཀྱི་གཞག་ཐབས་ནི་ཁྱབ་པའི་དམིགས་པ་དང་། སྤྱད་པ་རྣམ་སྦྱོང་གི་དམིགས་པ། མཁས་པའི་དམིགས་པ། ཉོན་མོངས་སྦྱོང་བའི་དམིགས་པ་བཅས་རྣལ་འབྱོར་བའི་དམིགས་པ་བཞི་ལ་དམིགས་ནས། སེམས་རིམ་པར་རྟེན་ཅན་ལ་འཇོག་པ་དང་། རྟེན་མེད་ལ་འཇོག་པ། ངོ་བོ་ཉིད་ལ་འཇོག་པའོ། །དཔྱད་སྒོམ་ནི་ལྷག་སྟོང་གི་སྒོམ་པ་སྟེ། བདག་མེད་པའི་དོན་ལ་ཤེས་རབ་ཀྱིས་སོ་སོར་དཔྱད་ནས་སྤྲོས་པ་ཐམས་ཅད་དང་བྲལ་བའི་དོན་ལ་མཉམ་པར་འཇོག་པ་ནི་གྲུབ་མཐའ་སྤྱིའི་ལུགས་ཡིན་ལ། མཉམ་གཞག་གི་དངོས་གཞི་སྐྱོང་ཚེ་འཛིན་སྟངས་ཡང་ཡང་གསལ་འདེབས་པར་བཞེད་པ་ནི་དགེ་ལྡན་པའི་ལུགས་ཡིན་ནོ། །ལྷག་མཐོང་སྒོམ་པ་དངོས་ནི། སྔོན་དུ་ཞི་གནས་བསྒོམ་པ་ན་ཏིང་ངེ་འཛིན་སྤྱོད་ཡུལ་གྱི་གཟུགས་ཕྱི་རོལ་དང་མཐུན་དང་མི་མཐུན་མང་དུ་སྣང་བ་དེ་ལ་རྣམ་པར་མི་རྟོགས་པའི་གཟུགས་བརྙན་ཞེས་བྱ་ལ། ལྷག་མཐོང་སྒོམ་པ་ནའང་ཞི་གནས་ཀྱི་སྟོབས་ཀྱིས་ཤར་བའི་གཟུགས་བརྙན་དེ་དག་སོ་སོར་རྟོག་པའི་དཔྱད་གཞིར་བྱས་ནས་སྒོམ་པ་ཡིན་གྱི། སེམས་ཁམས་ནང་དུ་བལྟས་པ་ཁོ་ན་ཡིན་པས་ཕྱི་རོལ་ལ་དངོས་སུ་དམིགས་ནས་དཔྱོད་པ་ནི་མ་ཡིན་ནོ། ། |
| Domain | ཆོས་ལུགས། |