27027

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབང་ཀུན་དགའ་ལེགས་པ་ (1)
Part of speech མིང་ཚིག
Definition ཕག་གྲུ་སྡེ་སྲིད་ཁྲི་རབས་བདུན་པ་འདི་ཉིད་རབ་བྱུང་བདུན་པའི་ཆུ་གླང་ཕྱི་ལོ་ ༡༤༣༣ ལོར་ཡབ་ཆེ་ས་སངས་རྒྱས་རྒྱལ་མཚན་གྱི་སྲས་སུ་དགོན་གསར་དུ་འཁྲུངས། དགུང་ལོ་བཅུ་བཞི་པར་རྩེད་ཐང་གི་གདན་སར་ཕེབས། དགུང་ལོ་བཅུ་དྲུག་པ་རབ་བྱུང་བརྒྱད་པའི་ས་འབྲུག་ཕྱི་ལོ་༡༤༤༨་ལོར་ཕག་གྲུ་སྡེ་སྲིད་ཀྱི་ཁྲི་ལ་ཕེབས། རིན་སྤུངས་ནས་བདག་མོ་ཞིག་བཞེས་ཏེ་སྲས་རིན་ཆེན་རྡོ་རྗེ་དབང་གི་རྒྱལ་པོ་འཁྲུངས། སྡེ་སྲིད་འདིས་སྲིད་དབང་སྐྱོང་སྟངས་འཐུས་ཤོར་སོང་བས་དབང་གིས་ཞལ་ངོ་མི་མཐུན་པ་དང༌། དུས་མི་བདེ་བ་མང་དུ་བྱུང་བའི་གོ་སྐབས་དང་བསྟུན་ཏེ་ཕག་གྲུའི་ས་ནས་རིན་སྤུངས་རྫོང་དཔོན་ནོར་བུ་བཟང་པོས་གཙང་ཁུལ་གྱི་དབང་ཆ་ཕལ་ཆེ་བ་བླངས། ཀུན་དགའ་ལེགས་པ་དགུང་ལོ་སུམ་ཅུ་སོ་ལྔ་པར་སྲས་རིན་ཆེན་རྡོ་རྗེ་རྩེད་ཐང་གི་གདན་སར་བསྐོས། དེ་ནས་ཡུམ་སྲས་ཕྱོགས་གཅིག་ལ་བརྟེན་ནས་རྩེད་ཐང་གི་སྡེ་གཟར་ལངས། ཡུམ་གཤེགས་རྗེས་རིན་སྤུངས་མཚོ་སྐྱེས་རྡོ་རྗེས་མཁར་ཐོག་བཟུང༌། གོང་མ་ཀུན་དགའ་ལེགས་པ་མེ་གླང་ཕྱི་ལོ་ ༡༤༥༧ ལོར་ཟུར་བཞུགས་གནང༌། རབ་བྱུང་བརྒྱད་པའི་ས་གླང་ཕྱི་ལོ་༡༤༦༩ ལོར་ཏཱ་མིང་གོང་མས་གསེར་ཡིག་པ་མངགས་ཏེ་དབང་གི་མཚན་ཕུལ། རབ་བྱུང་བརྒྱད་པའི་ལྕགས་གླང་ཕྱི་ལོ་༡༤༨༡ ལོར་རིན་སྤུངས་པ་ཁུ་དབོན་གྱིས་མཚོན་དབུས་གཙང་གི་དཔོན་གནས་ཆེ་ཁག་རྣམས་འཚོགས་ཏེ་ཁུ་དབོན་གཉིས་དབར་ལེགས་མོལ་ཞུས་ནས་གོང་མ་ཀུན་དགའ་ལེགས་པ་སླར་ཡང་སྡེ་སྲིད་ཀྱི་ཁྲི་ཐོག་ཏུ་ཕེབས། ནང་སོ་མཚོ་སྐྱེས་རྡོ་རྗེས་བློན་ཆེན་དང༌། ཐོན་པ་རིན་པོ་ཆེ་དར་རྒྱས་ཀྱིས་ཀ་བཞི་བཟུང༌། སྐབས་དེའི་ཚེ་དབུས་གཙང་མངའ་རིས་བཅས་པར་སྡེ་དཔོན་རྣམས་ནས་རང་རང་གི་མངའ་འོག་ཏུ་དཔུང་དམག་གོ་ཧྲག་མ་ཉུང་ཙམ་རེ་སྒེར་ཉར་ཐོག རང་རང་གི་མཆོད་ཡུལ་བླ་མ་དང༌། དགོན་པ་ཁག་གི་ས་སྡེ་དང༌། ཆོས་ལུགས་སྐོར་ལ་ང་མཐོ་ང་བཙན། གཅིག་རྒྱབ་གཅིག་ལངས་བྱེད་རེས་ཀྱིས་ནང་འཁྲུག་ཡང་ནས་ཡང་དུ་བྱུང་། ཀུན་མཁྱེན་ཡེ་བཟང་རྩེ་པ་འགོས་ལོ་ཙཱ་བ་སོགས་ཡོངས་འཛིན་དུ་བསྟེན་ནས་ཐེག་པ་ཆེན་པོའི་ཆོས་མང་དུ་གསན། རྩེད་ཐང་གི་མཚན་ཉིད་པ་དང་སྒྲུབ་མཆོད་པ་རྣམས་ལ་བདག་རྐྱེན་བཟང་པོ་མཛད། གྲུབ་ཆེན་ཐང་སྟོང་རྒྱལ་པོས་ཉང་པོ་གྲུ་ཁར་ལྕགས་ཀྱི་ཟམ་ཆེན་འཛུགས་པ་མཛད་རྒྱུའི་མཐུན་རྐྱེན་ཡང་དག་པ་གནང་བཞིན་པར་རབ་བྱུང་བརྒྱད་པའི་ཆུ་ཡོས་ཕྱི་ལོ ༡༤༨༣ ལོར་དགུང་ལོ་ང་གཅིག་པར་སྐུ་གཤེགས།

{{#arraymap:དབང་ཀུན་དགའ་ལེགས་པ་

|; |@@@ | | }}