27351

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབང་རྟགས་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། ཡི་དམ་གང་གི་དབང་ཞུས་པའམ་ཐོབ་པའི་རྟགས་སུ་བཤད་པ་སྟེ། རྫུ་འཕྲུལ་དྲྭ་བའི་རྒྱུད་ལས། སློབ་བུས་དབང་ནོད་ཐོབ་པ་ལ། གནང་བའི་དབང་རྟགས་ཤིག་མེད་ན། བསྐུར་བ་ཐོབ་པ་མ་ཡིན་ནི། དཔའ་བོ་གོས་གྱོན་མེད་མཚོན་མེད་འདྲ། དེ་ཕྱིར་དབང་རྟགས་ཅི་ཡོད་སྦྱིན། ཞེས་པས། ཡི་དམ་གང་གི་དབང་ཞུས་པ་དང་ཐོབ་པའི་དབང་རྟགས་ཤིག་མེད་ཚེ། རང་ལ་དབང་བསྐུར་བ་དང་ཐོབ་པའི་མཚོན་བྱེད་མེད་པས།
Example དཔའ་བོ་ལ་དཔའ་རྟགས་གོ་མཚོན་སོགས་བྲལ་བ་ལ་དཔའ་བོར་མཚོན་མི་ནུས་པ་ལྟ་བུར་བཤད་དོ། །དེའི་ཕྱིར་ན། དབང་རྟགས་ཞེས་པ། དབང་གནང་སྐབས་སུ་དཔོན་གསས་བླ་མས་སློབ་བུ་རྣམས་ལ་དབང་ཐོབ་པའི་རྟགས་སུ་གནང་ཞིང་། དེས་ཀྱང་སློབ་བུའི་རྒྱུད་ལ་ཡི་དམ་གང་དེའི་དབང་བསྐུར་བ་དང་ཐོབ་པར་བརྡ་མཚོན་པའོ། ། དེ་ཡང་དབང་རྟགས་སུ་གནང་རྒྱུ་ནི། དཀྱིལ་འཁོར་ཕྱི་ནང་རང་རང་གི་སྒོ་དང་མཐུན་པར་ཡོད་པ་སྟེ། རྒྱུད་ལུང་མན་ངག་བཤད་པའི་དབང་རྟགས་སུ། གསུང་རབ་གླེགས་བམ། ཆགས་ཤིང་། རིན་ཆེན། ཁྲི་རྐང་རྣམས་སོ། །རྒྱལ་ཐེབས་ཀྱི་དབང་རྟགས་སུ། རྒྱལ་མཚན། བདག་གཞན་རྒྱུད་གྲོལ་གྱི་དབང་རྟགས་སུ། ཕུར་པ། རལ་གྲི། ལྕགས་ཀྱུ། མདའ་གཞུ། ཞགས་པ། ཐོ་བ་རྣམས་སོ། །ཧྲིལ་ཆེན་ཛྭ་ཡི་དབང་རྟགས་ལ། གསེར། དངུལ། ཟངས་ལྕགས། མཁར་བའི་ཞུན་ཐིགས་བཅས་མང་བས་གོང་གསལ་གྱི་དབང་རྟགས་དེ་དག་གི་མཚོན་དོན་སོགས་གཞན་ལ་བཀོད་ཡོད་པས་དེར་གཟིགས་པར་འཚལ། །
Domain ཆོས་ལུགས།