27389

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབང་སྟོད་ཡུམ་ཆེན་དགོན་ (1)
Part of speech མིང་ཚིག
Definition དབང་སྟོད་དགོན་ནི། སྙེ་ཁོག་དབང་ཆེན་དཔོན་སྐོར་རུ་སྡེ་སྟོད་སྨད་སྤྱིའི་དགོན་པར་གྱུར། མིང་ལ་དཔོན་སྐོར་དགོན་པ་ཞེས་པའི་རྒྱུ་མཚན་སྤྱིར་དབང་ཆེན་སྟོད་པ་ལ་དབང་ཆེན་རྒྱུ་རུ་མ་དང་གསང་རུ་མ། དབང་ཆེན་སྒར་པ་སོགས་ཡོད་པ་ལས་དབང་ཆེན་དཔོན་ཚང་གི་ཕྱོགས་སུ་གཏོགས་པའི་རུ་སྡེ་དེ་ལ་དཔོན་སྐོར་ཞེས་འབོད་ཅིང་དེའི་དགོན་པ་ཡིན་ཕྱིར་མིང་དེ་ལྟར་ཆགས། སྔོན་ཀཿཐོག་སི་ཏུ་རིན་པོ་ཆེ་རྒྱལ་བ་ཀཿཐོག་པའི་ཆོས་རྒྱུན་སྤེལ་ཕྱིར་ལྕགས་མོ་མགོ་ལོག་གི་ཕྱོགས་སུ་ཕེབས་སྐབས་ཁོང་གིས་ཐུབ་བསྟན་བཤད་སྒྲུབ་བཀྲ་ཤིས་ཆོས་འཁོར་གླིང་ཞེས་མཚན་བཏགས། གདན་རབས་ཀྱི་ཐོག་མ་ནི་རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་དངོས་སློབ་དབང་ཆེན་བླ་མ་བསོད་ནམས་མཆོག་ལྡན་གྱིས་རབ་བྱུང་བཅུ་བཞིའི་སྟོད་ཙམ་ལ་ཆོས་སྒར་གྱི་གཞི་བཙུགས་ནས་བསྐྱངས། ཕྱིས་སུ་སྐྱབས་མགོན་བླ་མ་མུན་སེལ། ཨ་ཁྱ་བླ་མ་ཀར་ཆོས། མཁན་རིན་པོ་ཆེ་བསྟན་པ་དར་རྒྱས། ཁྲོམ་ཐོག་བླ་མ་ཕུན་ཚོགས་བློ་གྲོས། ཀཿཐོག་སི་ཏུ་རིན་པོ་ཆེ། གཏེར་ཆེན་ལས་རབ་གླིང་པ་སོགས་སྐྱེས་ཆེན་དུ་མའི་ཞབས་ཀྱིས་བཅགས་ཤིང་སྨིན་བྱེད་ཀྱི་དབང་དང་ཟབ་རྒྱས་ཀྱི་གདམས་པ་སོགས་གནང་། དུས་འགྱུར་མ་བྱུང་སྔོན་དགོན་འདིར་རྟེན་གསུམ་ནི། གསེར་དངུལ་ལས་གྲུབ་པའི་ཐུབ་པ་གཙོ་འཁོར་གསུམ་སློབ་དཔོན་གྱི་སྐུ་ང་འདྲ་མ། གསེར་ཐང་ཆེ་ཆུང་དང་། གསུང་རྟེན་ལ། གསེར་བྲིས་ཀྱི་བསྐལ་བཟང་དང་གསེར་འོད། བཀའ་གཏེར་གྱི་ཡིག་ཆ་པོད་སྟོང་ཕྲག་གི་ཁར་ལོངས་པ་སོགས་བཞུགས། རབ་བྱུང་བཅུ་དྲུག་པའི་ས་ཁྱིའི་ལོ་སྟེ་ཕྱི་ལོ་ ༡༩༥༨ ལོར་ཐམས་ཅད་མིང་ཙམ་དུ་བཏང་། མཁན་མུ་སེལ་དང་གྲུབ་དབང་ཀརྨ་ཆོས་འཕེལ་རྣམ་པ་གཉིས་ཀྱིས་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་གསར་བཞེངས། བསྟན་པའི་རྒྱལ་མཚན་གྱིས་རང་དགོན་དུ་བཤད་གྲྭ་གསར་འཛུགས་གནང་བ་དང་ཁོང་གིས་ཀུན་མཁྱེན་རོང་ཀློང་རྣམ་གཉིས་དང་འཇམ་མགོན་མི་ཕམ་ཡིག་ཆའི་འཆད་ཉན་བཙུགས། ཚོགས་ཆེན་འདུ་ཁང་དང་འདུ་ཁང་ཆེ་ཆུང་ལྔ་དང་དེ་དག་གི་ནང་རྟེན་ཟངས་གསེར་ལས་གྲུབ་པའི་རྟེན་གསུམ་ཁྱད་འཕགས་དང་ལྡེབས་རིས་ཀྱི་སྐོར་ཤིན་ཏུ་མང་། སྤྱིར་དགོན་འདིར་གཏན་སྡོད་བླ་གྲྭ་བརྒྱ་ཕྲག་གཉིས་ལ་ཉེ་བ་ཙམ་བཞུགས་ཤིང་ལོ་རེ་བཞིན་དུ་སྔ་འགྱུར་བཀའ་མའི་སྒྲུབ་སྐོར་བཅུ་གསུམ་ཉིན་བཅོ་ལྔའི་རིང་ལ་འཚོགས་པ་དང་། སྙུང་གནས་ཆ་བརྒྱད། བདེ་ཆེན་ཞིང་སྒྲུབ། ཚེས་བཅུའི་སྒྲུབ་མཆོད། འཇམ་དཔལ་སྒྱུ་དྲྭ། དབྱར་གནས་སོགས་འཚོགས་བཞིན་ཡོད།