27428
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གསུམ་པའི་ཤིང་སྤྲེལ་ཕྱི་ལོ་ ༡༧༦༤ ལོར་མདོ་སྨད་རྨ་གཡང་ཕྱུག་མོའི་གཞུང་དུ་ཡབ་དབང་དྲག་སྐྱབས་དང་། ཡུམ་བདེ་བཟའ་ལྷ་མོ་རྒྱལ་གཉིས་ཀྱི་སྲས་སུ་འཁྲུངས། དྲུག་པར་ཀུན་མཁྱེན་འཇིགས་མེད་དབང་པོས་དབལ་མང་བློ་བཟང་དོན་གྲུབ་ཀྱི་སྤྲུལ་སྐུར་ངོས་བཟུང་། གདན་སར་བཀོད། རྒྱུད་པ་དགེ་བཤེས་བསམ་གཏན་སེང་གེ་ལས་ཡི་གེའི་འབྲི་ཀློག ཆོས་སྤྱོད་དང་། རྒྱན་འཇུག་སོགས་ཐུགས་འཛིན་མཛད། བཅུ་གཅིག་པར་ཆོས་གྲྭར་ཞུགས། བརྩི་བཞག་དང་། བསྡུས་གྲྭ བློ་རིགས། རྟགས་རིགས། གྲུབ་མཐའ་བཅས་ལ་སྦྱངས། བཅུ་དགུ་པར་ཀུན་མཁྱེན་མཆོག་ལས་བསྙེན་པར་རྫོགས། སུམ་ཅུ་བར་རྡོ་རམས་པའི་མཚན་བཏགས་བཞེས། སོ་བཞི་པར་ཀུན་མཁྱེན་མཆོག་སྤྲུལ་བཙལ་བའི་ཆེད་དུ་དབུས་སུ་ཕེབས། ཞེ་གཅིག་པར་བླ་བྲང་བཀྲ་ཤིས་འཁྱིལ་ཚོགས་ཆེན་ཁྲི་ལ་ཕེབས། བཅའ་ཡིག་སོགས་སྒྲིག་ལམ་དོ་དམ་མཛད། འདུ་ཁང་སྟེང་ཤོད་དུ་མཉམ་མེད་ཇོ་བོ་ཆེན་པོ། ཁུ་རྔོག་འབྲོམ་གསུམ་སོགས་བཀའ་གདམས་གོང་མ་རགས་བསྡུས་ཀྱི་སྐུ་བརྙན་ལི་མ་ནང་བཞུགས་ཀྱི་བཀའ་གདམས་ལྷ་ཁང་གནམ་རྒྱན་མཆོད་ཆ་དང་བཅས་པ་གསར་དུ་བསྒྲིགས། གཞན་ཡང་རྒྱུད་ཁང་གསར་བཞེངས་དང་། མགོན་ཁང་དུ་མགོན་ཆོས་འཇིགས་གསུམ་གྱི་སྐུ་བརྙན་བཞེངས། རབ་བྱུང་བཅུ་བཞི་པའི་ཆུ་གླང་ཕྱི་ལོ ༡༨༥༣ ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་རྗེ་ཤེས་རབ་རྒྱ་མཚོ་དང་། སྡེ་ཁྲི་འཇམ་དབྱངས་ཐུབ་བསྟན་ཉི་མ། སུ་ཉིད་དཀོན་མཆོག་ནོར་བུ་བཅས་ཡིན། གསུང་རྩོམ་ནི་བཀྲ་ཤིས་འཁྱིལ་གྱི་གདན་རབས་དང༌། རྗེ་བླ་མ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་ཐར་འདོད་འཇུག་ངོགས། གྲུབ་མཐའི་དྲིས་ལན་ཕྱོགས་ལྷུང་མུན་སེལ། བྱང་ཆུབ་བདེ་ལམ་གྱི་ཟིན་བྲིས་གནད་དོན་གསལ་བ། མདོ་སྡེ་རྒྱན་གྱི་འགྲེལ་པ་ཐུན་བསྟན་རྒྱས་པའི་མེ་ཏོག ལྟ་བའི་ཟིན་བྲིས་འོད་ཟེར་སྟོང་འབར། རྗེ་བཙུན་དཀོན་མཆོག་བསྟན་པའི་སྒྲོན་མེའི་རྣམ་ཐར་དད་པའི་པད་མོ་བཞད་པའི་ཉིན་བྱེད། རྟེན་འབྲེལ་བསྟོད་པའི་ཊཱིཀྐ་རིན་ཆེན་ལྗོན་ཤིང། བདེ་ལམ་ཟིན་བྲིས་སྙིང་གི་མེ་ལོངསོགས་བཀའ་རྩོམ་པོད་བཅུ་གཉིས་ཙམ་མཛད། ཤིང་པར་ཞིག་ཀྱང་ཨ་མཆོག་དགོན་དུ་བཞུགས་པར་བཤད། |