27472

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབུ་མ་གཞན་སྟོང་ (1)
Part of speech མིང་ཚིག
Definition མདོ། བྱམས་ཆོས་སྡེ་ལྔ་པོ་ཐོགས་མེད་སྐུ་མཆེད་ཀྱིས་བཀྲལ་བའི་གྲུབ་མཐའ་ཞིག་སྟེ། བོད་དུ་ལོ་ཙཱ་བ་གཟུ་བཙན་གཉིས་ལས་བརྒྱུད། ཁྱད་པར་གཞན་སྟོང་དབུ་མ་ཞེས་པའི་སེང་གེའི་སྒྲ་སྒྲོག་པ་པོ་ནི། ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་མཆོག་ཡིན་ལ། ཕྱིས་སུ་གསེར་མདོག་པཎ་ཆེན། རྗེ་བཙུན་ཏཱ་ར་ནཱ་ཐ་སོགས་ཀྱིས་གྲུབ་མཐའི་གནད་ཐུན་མོང་མ་ཡིན་པ་ཆེས་གསལ་བར་མཛད་དེ་གཞན་སྟོང་དབུ་མའི་ཤིང་རྟའི་སྲོལ་རྒྱ་ཆེར་སྤེལ། གཞན་སྟོང་པའི་ལྟ་བ་དམིགས་བསལ་ནི། ཀུན་བརྟག་གཞན་གཉིས་ཀུན་རྫོབ། ཡོངས་གྲུབ་དོན་དམ་བདེན་པར་བཞེད་ཅིང་དེའང་བདེན་པར་མ་གྲུབ་པའི་མེད་དགག་ཙམ་དུ་ལྟ་བ་ནི་བེམ་སྟོང་སྟེ། ཀུན་རྫོབ་ཀྱི་སྟོང་ཚུལ་ཡིན་གྱི། དོན་དམ་པ་སྟོང་པ་ཉིད་ཀྱི་གནས་ལུགས་ནི་མ་ཡིན་པར་འདོད་ཅིང་། དེ་ནི་མདོར་ན་གཟུང་འཛིན་གཉིས་སྟོང་གི་ཡེ་ཤེས་སོ་སོ་རང་རིག་པ་ལ་འཇོག་ལུགས་འདི་ནི་རྒྱུད་སྡེ་ཆེན་པོ་རྣམས་ཀྱི་དགོངས་པ་དང་ཆེས་མཐུན་པས། མདོ་སྔགས་གཉིས་མཚམས་སྦྱོར་བའི་ཟབ་མོའི་ལྟ་བ་དབུ་མའི་ལུགས་སྲོལ་རྣམས་ཀྱི་རྩེ་མོར་སོན་པ་ཡིན་ཞེས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་གསུངས།
Domain ཆོས་ལུགས།

{{#arraymap:དབུ་མ་གཞན་སྟོང་

|; |@@@ | | }}

དབུ་མ་གཞན་སྟོང་ (2)
Part of speech མིང་ཚིག
Definition ཀུན་རྫོབ་རང་ངོས་ནས་སྟོང་བའི་སྟོང་ཉིད་དང་དེའི་རང་བཞིན་དུ་གྱུར་པའི་ཆོས་སྐུའི་ཡོན་ཏན་བཅས་ཏེ་སྣང་སྟོང་ཟུང་འཇུག་གི་དབུ་མ་ཞིག་སྟེ། འཕགས་པ་ཐོགས་མེད་ཀྱི་ཆོས་མངོན་པ་ལས། སྟོང་བའི་མཚན་ཉིད་གང་ཞེ་ན། གང་ལ་གང་མེད་པ་དེ་ནི་དེས་སྟོང་པར་ཡང་དག་པར་རྗེས་སུ་མཐོང་སྟེ། འདི་ལ་ལྷག་མ་གང་ཡིན་པ་དེ་ནི་འདིར་ཡོད་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདི་ནི་སྟོང་པ་ཉིད་ལ་འཇུག་པ་ཡང་དག་པ་ཇི་ལྟ་བ་སྟེ་ཕྱིན་ཅི་མ་ལོག་པ་ཞེས་བྱའོ། །གང་ལ་ཅི་ཞིག་མེད་ཅེ་ན། ཕུང་བོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་རྟག་པ་དང་བརྟན་པ་དང་ཐེར་ཟུག་དང་མི་འགྱུར་བའི་ཆོས་ཅན་དང་བདག་དང་བདག་གི་མེད་དོ། །དེ་ལྟ་བས་ན་དེ་དག་ནི་དེས་སྟོང་ངོ་། །དེ་ལ་ལྷག་མ་ཡོད་པ་ཅི་ཞིག་ཅེ་ན། གང་བདག་མེད་པ་དེ་ཉིད་དེ། དེ་ལྟར་བདག་ནི་མེད་ཀྱི། བདག་མེད་པ་ནི་ཡོད་པར་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱའོ། །འདི་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་ཡོད་པ་ཡང་ཡོད་པར། མེད་པ་ཡང་མེད་པར་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་གསུངས་སོ། །ཞེས་འབྱུང་སྟེ་སྟོང་པའི་གཞི་གང་ལ་སྟོང་བའི་ཆོས་གང་མེད་པ་དེ་ནི་ཆོས་དེས་སྟོང་པར་ཡང་དག་པར་རྗེས་སུ་མཐོང་སྟེ། འདི་ལ་ཆོས་དེས་སྟོང་པའི་ལྷག་མ་སྟོང་པའི་གཞི་གང་ཡིན་པ་ཆོས་ཉིད་ཡོངས་གྲུབ་དེ་ནི་འདིར་ནམ་ཡང་ཡོད་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ལྟར་སྟོང་པའི་ཆོས་རང་སྟོང་དང་སྟོང་པའི་གཞི་གཞན་སྟོང་དུ་རྟོགས་པ་འདི་ནི་སྟོང་པ་ཉིད་ལ་འཇུག་པ་ཡང་དག་པ་ཇི་ལྟ་བ་སྟེ་ཕྱིན་ཅི་མ་ལོག་པ་ཞེས་བྱའོ། །དེ་ལས་གཞན་དུ་ཐམས་ཅད་རང་སྟོང་དུ་འདོད་པའམ། ཐམས་ཅད་གཞན་སྟོང་དུ་འདོད་པ་ནི་ཕྱིན་ཅི་མ་ལོག་པ་མ་ཡིན་པའོ་ཞེས་པའི་དོན་ཏོ། །ཞེས་དང་། དེ་ལ་གཞན་གྱི་དངོས་པོ་སྟོང་བ་ཉིད་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་དངོས་པོ་སྟོང་པ་ཉིད་བསྟན་པ་སྟེ། ཆོས་ཀྱི་གནས་ཉིད་དང་ཆོས་ཉིད་ལ་སོགས་པ་དེ་བཞིན་ཉིད་ཀྱི་རྣམ་གྲངས་སུ་གཏོགས་པ་འདི་རྣམས་དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ་ཆོས་རྣམས་ཀྱི་ཆོས་ཉིད་ནི་ཡེ་ནས་དེ་བཞིན་དུ་གནས་པ་སྟེ། དེ་དག་ལ་ཕུང་པོ་ལ་སོགས་པ་ཆོས་གཞན་རྣམས་ཀྱི་དངོས་པོ་མེད་པ་དེ་ཉིད་གཞན་གྱི་དངོས་པོ་སྟོང་པ་ཉིད་ཅེས་བྱའོ། །ཞེས་པ་ལ་སོགས་པ་རྣམ་པ་མང་པོས་དོན་དམ་གཞན་སྟོང་གི་ཚུལ་རྒྱས་པར་གསུངས་ལ། ཡུམ་རྒྱས་པ་དང་། ཉི་ཁྲི་ལྔ་སྟོང་པ་དང་། ཁྲི་བརྒྱད་སྟོང་པ་རྣམས་ཀྱི་འགྲེལ་པར་ཡང་། སྟོང་པ་ནི་གཞན་དང་གཞན་བྲལ་བ་སྟེ། དཔེར་ན་ཆུ་དང་བྲལ་བའི་ཕྱིར་བུམ་པ་སྟོང་པ་ཞེས་བྱའོ། །ཞེས་པ་ལ་སོགས་པས་དོན་དམ་གཞན་སྟོང་གསུངས་ཤིང་། ཞེས་རི་ཆོས་སུ་གསུངས་སོ། །

{{#arraymap:དབུ་མ་གཞན་སྟོང་

|; |@@@ | | }}