27491
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། དབུ་མ། གང་ཟག་ལ་རྟག་ཆད་སྤང་ཚུལ་ནི། སྐྱེ་གནས་གཅིག་ནས་གཅིག་ཏུ་སྐྱེ་བ་ལེན་པས་ཆད་པ་མ་ཡིན་ལ། འཆི་འཕོ་བའི་རིམ་པ་ཡོད་པས་རྟག་པ་མ་ཡིན་ནོ། །ཡང་ལས་ཀྱི་རྣམ་པར་སྨིན་པ་མྱོང་བ་པོའི་གང་ཟག་ཡོད་པ་དང་། གཞན་གྱིས་བཏགས་པའི་གང་ཟག་གིས་སྟོང་པའི་ཕྱིར་ཆད་པ་དང་རྟག་པ་གཉིས་ཀ་མ་ཡིན་ནོ། །ཀུན་རྫོབ་ཏུ་རྟག་ཆད་སྤང་ཚུལ་ནི། རྒྱུའི་རྗེས་སུ་འབྲས་བུ་འབྱུང་བ་དང་། རྒྱུ་ལོག་ན་འབྲས་བུ་ལོག་པའི་ཕྱིར་ཀུན་རྫོབ་ཏུ་ཡང་རྟག་ཆད་དང་བྲལ་ལ། དོན་དམ་དུ་རྟག་ཆད་སྤང་ཚུལ་ནི། དོན་དམ་པར་ནི། ཆོས་ཅུང་ཟད་ཀྱང་ཡོད་པ་མིན་པས་གང་ཞིག་རྟག་པ་དང་ཆད་པར་འགྱུར། དེ་གཉིས་ཕན་ཚུན་ལྟོས་ནས་རྟག་ཆད་སྤང་ཚུལ་ནི། དོན་དམ་པར་ཡོད་པ་མིན་ལ། ཀུན་རྫོབ་ཏུ་མེད་པ་མིན་པའི་ཕྱིར་བདེན་གཉིས་ཕན་ཚུན་ལྟོས་ནས་ཀྱང་རྟག་ཆད་དང་བྲལ་ལོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་དབུ་མ་རིགས་ཚོགས་དཀའ་གནད་ལས་གསུངས་སོ། ། རྟག་ཆད་ལས་གྲོལ་བའི་ཚུལ་ནི། མྱུ་གུའི་དུས་ན་ས་བོན་ཆད་པ་མ་ཡིན་ཏེ། མྱུ་གུ་ས་བོན་ལས་གཞན་མ་ཡིན་པའི་ཕྱིར་རོ། །ཁྱབ་སྟེ། བ་ལང་བ་མེན་ལས་གཞན་ཡིན་པའི་རྒྱུ་མཚན་གྱིས་བ་ལང་ཤི་བའི་ཚེ་བ་མེན་ཡོད་ཀྱང་བ་ལང་རྒྱུན་ཆད་པ་མ་ཡིན་པ་མ་ཡིན་པའི་ཕྱིར་རོ། །མྱུ་གུའི་དུས་ས་བོན་རྟག་པ་ཡང་མ་ཡིན་ཏེ། མྱུ་གུ་ས་བོན་དང་གཅིག་ཉིད་མ་ཡིན་པས། མྱུ་གུའི་དུས་ན་ས་བོན་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེས་གཞུང་འདིར་ཐ་སྙད་རྣམ་གཞག་ལ་ཡང་འབྲས་བུའི་དུས་ན་རང་གི་རྒྱུ་དེ་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་ཞེས་བྱ་བར་གྲུབ་སྟེ། ཡོད་ན་རྟག་པར་འགྱུར་ཞིང་། མེད་ན་ཆད་པར་འགྱུར་བའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་འཇུག་པའི་དཀའ་འགྲེལ་ལས་གསུངས་སོ། ། |