27532

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབུ་མ་ལུགས་ཀྱི་བྱང་སྡོམ་ལེན་པའི་ཆོ་ག་ (1)
Part of speech མིང་ཚིག
Definition སྡོམ་གསུམ། སྦྱོར་བ་ལ། སློབ་དཔོན་ཀླུ་སྒྲུབ་ནི་ལྟ་བ་དབུ་མ་པ་མཐོ་བ་དང་། སྤྱོད་པའང་ཡངས་པས། གང་ཟག་སྡིག་པ་ཅན་སུ་རུང་རུང་སོ་སོར་ཐར་པ་རིགས་བདུན་དང་མ་འབྲེལ་ཡང་སེམས་བསྐྱེད་སྐྱེ་བ་ལ་དགོངས་ནས། སྡིག་པ་བཤགས་པ་ལ་སོགས་པ་ཡན་ལག་བདུན་པ་མཛད་ལ། བསླབ་པ་བརྗོད་པ་དང་བར་ཆད་དྲི་བ་ལ་སོགས་པ་མི་མཛད་དོ། །དངོས་གཞི་ནི། སྨོན་འཇུག་གཉིས་ཀ་སྟབས་གཅིག་ཏུ་མཛད་ཅིང། མཇུག་ནི། རང་དང་གཞན་དགའ་བ་བསྐྱེད་པ་ལ་སོགས་པ་མཛད་པས་སོ་ཞེས་ས་པཎ་གྱི་སེམས་བསྐྱེད་ཆེན་མོའི་ཆོ་ག་ལས་སོ། ། ཐོག་མར་སེམས་བསྐྱེད་དགོས་པའི་འཐད་པ། སེམས་བསྐྱེད་ཀྱི་རང་བཞིན་ངོས་འཛིན། ལེན་པའི་ཆོ་ག བླངས་ནས་མ་ཉམས་པར་སྲུང་ཚུལ་རྣམས་བརྗོད་ལ། གསོལ་བ་བཏབ་ནས་ཡན་ལག་བདུན་པ་དང། སྐྱབས་སུ་འགྲོ་བ་ལ་སོགས་པ་བྱ་སྟེ། ལུས་དང་ལོངས་སྤྱོད་སེམས་ཅན་ལ་ལྟོས་པ་མེད་པར་སྦྱིན་པ་དང། རྒྱལ་བ་སྲས་བཅས་ལ་ཕུལ་ནས་སྔོན་གྱི་སངས་རྒྱས་རྣམས་ཀྱིས་སེམས་ཅན་གྱི་དོན་དུ་སྨོན་འཇུག་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ལྟར། བདག་གིས་ཀྱང་སེམས་བསྐྱེད་པར་བགྱིའོ། །ཞེས་ལན་གསུམ་བརྗོད་ནས། མཇུག་ཏུ་རང་གཞན་དགའ་བ་སྒོམ་པ་དང། བསླབ་བྱ་རྒྱས་བསྡུས་སྐབས་དང་སྦྱར་ནས་བརྗོད་པ་དང། གཏང་རག་ཏུ་དཀོན་མཆོག་མཆོད་པ་དང་སྦྱིན་གཏོང་ཅི་ནུས་བྱེད་པ་ཡིན་ནོ། །ལུང་འདི་པཎྜིཏ་པུནྱཤྲཱི་ལས་བརྒྱུད་པའི་ས་སྐྱ་པའི་ཕྱག་ལེན་ཡིན་ཏེ། རྒྱས་པར་ཆོས་རྗེ་ཉིད་ཀྱིས་མཛད་པའི་ཆོ་ག་ཆེན་པོར་ཤེས་པར་བྱའོ་ཞེས་སྤོས་ཁང་པའི་སྡོམ་གསུམ་རྣམ་བཤད་གཞུང་ལུགས་ལེགས་བཤད་ལས་སོ། ། དབུ་མའི་ལུགས་ཀྱི་བྱང་སྡོམ་ལེན་པའི་ཆོ་ག་ནི། སྦྱོར་བའི་སྐབས་སུ་ཡན་ལག་བདུན་པ་ཚང་བར་མཛད་པ། དངོས་གཞིའི་སྐབས་སུ་སྨོན་འཇུག་སྟབས་ཅིག་ཏུ་ལེན་པ། མཇུག་ཏུ་རང་དགའ་བ་བསྒོམ་པ་དང་གཞན་དགའ་བ་བསྒོམ་དུ་གཞུག་པ་རྣམས་ནི་དབུ་མའི་ལུགས་སོ་ཞེས་པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་རྣམ་བཤད་ཟླ་འོད་ནོར་བུ་ལས་སོ། །
Domain ཆོས་ལུགས།