27535

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབུ་མ་ལུགས་ཀྱི་རྩ་ལྟུང་ (1)
Part of speech མིང་ཚིག
Definition སྡོམ་གསུམ། རྒྱལ་རིགས་ལ་འབྱུང་བའི་ལྟུང་བ་ལྔ་ལས། དཀོན་མཆོག་གི་རྟེན་དང་དགེ་འདུན་གྱི་རྫས་འཕྲོག་པའི་རྩ་ལྟུང་དང། ཐེག་པ་གསུམ་གྱིས་རང་གི་བྱང་ཆུབ་ཏུ་ངེས་པར་འབྱུང་བའི་དམ་ཆོས་སྤོང་བའི་རྩ་ལྟུང་དང་། བསྟན་པའི་སྒོར་རབ་ཏུ་བྱུང་བ་ཚུལ་ཁྲིམས་འཆལ་ཡང་རུང་ཚུལ་ཁྲིམས་དང་ལྡན་ཡང་རུང་ངུར་སྨྲིག་ལ་སོགས་པའི་རབ་བྱུང་གི་ཡོ་བྱད་འཕྲོགས་པ་དང་ཁྱིམ་པར་འབེབས་པ་དང་ཆད་པས་གཅོད་པ་དང་སྲོག་དང་བྲལ་བར་བྱེད་པ་རྩ་ལྟུང་གསུམ་པ་དང། མཚམས་མེད་པ་ལྔའི་ལས་གང་རུང་བྱེད་པ་རྩ་ལྟུང་བཞི་པ་དང། རྒྱུ་མེད་དུ་སྨྲ་ཞིང་འཇིག་རྟེན་ཕ་རོལ་སྤངས་ནས་མི་དགེ་བ་བཅུ་ལ་རང་གནས་ཤིང་གཞན་འགོད་པ་རྩ་ལྟུང་ལྔ་པའོ། །དང་པོ་བཞིའི་སྟེང་དུ་གྲོང་ཁྱེར་དང་ཡུལ་འཁོར་འཇོམས་པའི་རྩ་ལྟུང་དང་ལྔ་ནི་བློན་པོ་ལ་འབྱུང་བའི་ལྟུང་བའོ། །བྱང་སེམས་ལས་དང་པོ་པ་ལ་འབྱུང་བའི་རྩ་བའི་ལྟུང་བ་བརྒྱད་དེ། སྔོན་ཉེས་པར་སྤྱད་པས་སྙིགས་མའི་དུས་སུ་སྐྱེས་པའི་བྱིས་པ་སྟོང་ཉིད་ཟབ་མོ་སྟོན་པའི་སྣོད་དུ་མི་རུང་པ་ལ་སྟོན་པའི་རྩ་ལྟུང་དང། སངས་རྒྱས་ཀྱི་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་པར་མི་ནུས་ཀྱི་ཐེག་པ་དམན་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིག་ཅེས་འདུན་པ་སྒྱུར་བར་བྱེད་པའི་རྩ་ལྟུང་དང། སོ་སོར་ཐར་པ་དང་འདུལ་བའི་ཚུལ་ཁྲིམས་ལ་བསླབས་པས་ཅི་ཞིག་བྱ། ཐེག་པ་ཆེན་པོའི་སྡེ་སྣོད་སློབས་ཤིག་དེས་མི་དགེ་བའི་རྣམ་སྨིན་འདག་པར་འགྱུར་རོ། །ཞེས་ཟེར་བའི་རྩ་ལྟུང་དང། ཉན་ཐོས་ཀྱི་ཐེག་པ་ལ་མ་སློབ་པར་ཐེག་པ་ཆེན་པོ་ལ་སློབས་ཤིག་ངན་སོང་ལས་གྲོལ་ཅིང་འཚང་རྒྱ་བར་འགྱུར་ཞེས་ཟེར་བའི་རྩ་ལྟུང་དང། བདག་ནི་ཐེག་པ་ཆེན་པོའོ་ཕ་རོལ་ནི་དེ་ལྟར་མ་ཡིན་ནོ་ཞེས་རྙེད་བཀུར་གྱི་ཕྱིར་བདག་བསྟོད་གཞན་ལ་སྨད་པའི་རྩ་ལྟུང་དང། སྟོང་པ་ཉིད་ཟབ་མོའི་དོན་ཁོ་བོས་རྟོགས་ནས་ཁྱོད་ལ་བསྟན་པ་ཡིན་གྱི། ཁྱོད་ཀྱིས་ཀྱང་དེ་ལྟར་དགོངས་ཤིག་ཅེས་མི་ཆོས་བླ་མ་སྨྲ་བའི་རྩ་ལྟུང་དང། རྒྱལ་རིགས་དང་དགེ་སློང་ལ་སོགས་པ་འབྱེད་ཅིང་ཆད་པ་གཅོད་དུ་བཅུག་ནས་དཀོན་མཆོག་གི་དཀོར་འབུལ་བ་དང་ལེན་པའི་རྩ་ལྟུང་དང། མདོ་སྡེ་དང་འདུལ་བ་ནག་པོ་དང་ཆེན་པོ་བསྟན་པ་སྤངས་ཏེ་བསླབ་ཁྲིམས་བཤིག་ནས་སྤོང་བ་ལ་བརྩོན་པའི་ལོངས་སྤྱོད་ཁ་ཐོན་པ་ལ་སྦྱིན་པའི་རྩ་ལྟུང་དང་བརྒྱད་ནི་དམངས་ཕལ་པ་ལ་འབྱུང་བའོ། །འབྱུང་ཉེ་བ་དང་གཙོ་ཆེ་བའི་སྒོ་ནས་གང་ཟག་རིགས་གསུམ་གསུངས་ཀྱང་ལྟུང་བ་འབྱུང་བར་ཁྱད་མེད་དོ། །ཞེས་སྤོས་ཁང་པའི་སྡོམ་གསུམ་རྣམ་བཤད་གཞུང་ལུགས་ལེགས་བཤད་ལས་སོ། །
Domain ཆོས་ལུགས།