27792

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབེན་ས་བློ་བཟང་དོན་གྲུབ་ (1)
Part of speech མིང་ཚིག
Definition རབ་བྱུང་བརྒྱད་པའི་ཤིང་གླང་ཕྱི་ལོ་ ༡༥༠༥ ལོར་གཙང་གཡས་རུའི་དགེ་རྒྱས་བྱེ་མ་ལྷོ་ཁུད་ཀྱི་ཕུ་དབེན་སའི་ཡུལ་དུ་གདུང་རུས་མདོངས་ཡིན་པའི་ཡབ་བསོད་ནམས་རྡོ་རྗེ་དང་། ཡུམ་དཔལ་འཛོམས་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། བྱིས་དུས་ཀྱི་མཚན་ལ་མགོན་པོ་སྐྱབས་ཞེས་བཏགས། བཅུ་གཅིག་པར་ལྷ་རྩེ་བ་གྲགས་པ་དོན་གྲུབ་ཀྱི་དྲུང་ནས་རབ་ཏུ་བྱུང། དགེ་ཚུལ་གྱི་སྡོམ་པ་ཡང་མནོས། མཚན་ལ་བློ་བཟང་དོན་གྲུབ་ཅེས་གསོལ། རྗེ་ལྷ་པའི་མདུན་ནས་བྱང་ཆུབ་ལམ་རིམ་དང་། འཇམ་དབྱངས་བློ་བཟང་བཤེས་གཉེན་ལས་གཞུང་སོགས་ཅི་རིགས་གསན། བཅུ་བདུན་པར་རྗེ་བཙུན་ཆོས་ཀྱི་རྡོ་རྗེའི་རྗེས་འབྲངས། ཐུན་མོང་མ་ཡིན་པའི་སྙན་བརྒྱུད་ཀྱི་གདམས་པ་མ་ལུས་ཐོབ། བྱ་བྲལ་ཐམས་ཅད་མཁྱེན་པའི་འཁོར་དུ་གྲུབ་ཐོབ་ཀྱི་སློབ་མ་བཅུ་ཙམ་ཡོད་པའི་ལས། འདི་ཉིད་སྲས་ཀྱི་ཐུ་བོར་དགོངས་ནས་སྙན་བརྒྱུད་ཀྱི་བེའུ་བུམ་དང་། སྤྲུལ་པའི་གླེགས་བམ་ཕྱག་ཏུ་གཏད། རྒྱལ་ཚབ་ཏུ་དབང་བསྐུར། མདུན་ས་ཆོས་ཀྱི་ཕོ་བྲང་ཞེས་པའི་དགོན་པ་བཏབ། དགུང་ལོ་སོ་གསུམ་པར་འབྲས་སྤུངས་དགོན་དུ་རྒྱལ་བ་དགེ་འདུན་རྒྱ་མཚོ་ལས་བསྙེན་པར་རྫོགས། ལྷ་སར་ཇོ་བོ་རྣམ་གཉིས་ཀྱི་དྲུང་དུ་བསྟན་འགྲོའི་ཕན་བདེ་རྒྱས་པའི་སྨོན་ལམ་མཛད། པཎ་ཆེན་བྱང་ཆུབ་བློ་གྲོས་དང་། མངའ་རིས་ལོ་ཆེན་རྣམ་རྒྱལ་བཅས་ལས་གསང་འདུས་རྩ་རྒྱུད་སྒྲོན་གསལ་སོགས་ཀྱི་གདམས་པ་མཐའ་ཡས་པ་གསན། དབེན་གནས་བྲག་རྒྱ་རྡོ་རྗེའི་ཕོ་བྲང་། གཡེ་མ་སྟག་གཟིག ཀླང་ཆེན། ཀོ་བྲག ཁྱད་པར་དུ་པ་སྣམ་ཇོ་མོ་ལྷ་རི་སོགས་པའི་རི་ཁྲོད་རྣམས་སུ་སྒྲུབ་པ་སྙིང་པོར་མཛད། རབ་བྱུང་དགུ་པ་མེ་སྟག་ཕྱི་ལོ་ ༡༥༦༦ ལོར་སྐུ་གཤེགས། པཎ་ཆེན་ཨེར་ཏི་ནིའི་སྐུ་ཕྲེང་གསུམ་པ་ཡིན། སློབ་མ་གྲགས་ཆེ་བ་ནི་ཀུན་མཁྱེན་ལེགས་པ་དོན་གྲུབ་དང་། བྱང་སྟོན་སྨྲ་བའི་དབང་པོ་རྣམ་རྒྱལ། སངས་རྒྱས་རྒྱལ་མཚན། ཆོས་རྗེ་ངག་དབང་གྲགས་པ་སྐུ་མཆེད། ཀོང་སྟོན་ཆོས་རྗེ་འཇམ་དབྱངས་རྒྱལ་པོ། བཀྲ་ཤིས་རྒྱལ་མཚན་བཅས་ཡིན། གསུང་རྩོམ་ནི་དཀར་ཆག་དང་། གསོལ་འདེབས། ཟིན་བྲིས། སྐུ་བསྟོད། རྣམ་ཐར། བསླབ་བྱ། སྒྲུབ་ཐབས་བཅས་པོ་ཏི་གཉིས་བཞུགས།

{{#arraymap:དབེན་ས་བློ་བཟང་དོན་གྲུབ་

|; |@@@ | | }}