27855
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་བཞི་བའི་ས་སྦྲུལ་ཕྱི་ལོ་ ༡༨༠༩ ལོར་གཙང་གཡས་རུའི་བཀྲ་ཤིས་དགེ་འཕེལ་གླིང་གི་འཇད་ཅེས་གྲགས། ཕྱིས་སུ་བཞད་པའི་ཡུལ་དུ་ཡབ་བཀྲ་ཤིས་དང་། ཡུམ་ཚེ་རིང་སྲི་ཆོད་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་ལྔའི་སྟེང་ཁུ་བོ་དྷརྨ་བྷ་དྲའི་དྲུང་ནས་ཡི་གེའི་འབྲི་ཀློག་སྦྱངས། བཅུ་བར་ཐོབ་རྒྱལ་བླ་མ་ངག་དབང་སྙན་གྲགས་ཀྱི་དྲུང་ནས་རྩིས་ཀྱི་ས་རིས་དང་། སྙན་ངག་ལ་སྦྱངས། མངོན་བརྗོད་སྣ་ཚོགས་བློར་བཟུང་། བཅུ་གཅིག་པར་བཀྲ་ཤིས་དགེ་འཕེལ་དགོན་ཞུགས། དཀའ་ཆེན་དཀོན་མཆོག་ཆོས་འཕེལ་ལས་རབ་ཏུ་བྱུང་། མཚན་ལ་བློ་བཟང་ཆོས་འཕེལ་ཞེས་བཏགས། བཅུ་གཉིས་པར་དཀའ་ཆེན་དཀོན་མཆོག་ཆོས་འཕེལ་ལས་དགེ་བསྙེན་དང་། དགེ་ཚུལ་གྱི་སྡོམ་པ་མནོས། རྗེ་མི་ལའི་རྣམ་མགུར་དང་། ཐིག་ཚད་བློས་བཀོད། འདོན་རྟ་དབྱངས་རོལ་མོ་བཅས་ལ་སྦྱངས། བཅུ་དགུ་བ་ནས་བླ་མ་ཆོས་བཟང་གི་ཞབས་ཞུ་བ་མཛད། སྒྲ་དང་། རྩིས། སྙན་ངག་སུམ་རྟགས་སོགས་ལ་ཐོས་བསམ་མཛད། བླ་མ་ལ་རྒྱུགས་ཕུལ་བླ་མ་དགྱེས་ཏེ། ཀུན་བཏགས་ཀྱི་མིང་ལ་དབྱངས་ཅན་གྲུབ་པའི་རྡོ་རྗེ་ཞེས་བསྩལ། སོ་བཞི་བར་བླ་མ་ཆོས་བཟང་ལས་བསྙེན་པར་རྫོགས། རེ་གཅིག་པར་ས་སྐྱ་དང་། བཀྲ་ཤིས་ལྷུན་པོ། གདན་ས་གསུམ་དུ་ཕེབས། བླ་དཔོན་རྣམས་ལ་ཆོས་འཆད། རབ་བྱུང་བཅོ་ལྔ་བའི་མེ་ཕག་ཕྱི་ལོ ༡༨༨༧ ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་ངག་དབང་ཚུལ་ཁྲིམས་དང་། སྒོ་མང་ལྷ་རམས་པ་དགེ་འདུན་རྒྱ་མཚོ། བླ་མ་ཡེ་ཤེས་ཆོས་འཕེལ། སྨིན་གྲོལ་ནོ་མོན་ཧན། ཆབ་མདོ་འཕགས་པ་ལྷ། ཆུ་བཟང་ཧུ་ཐོག་ཐུ་སོགས་མང་། གསུང་རྩོམ་ནི་བསྟན་བཅོས་བདུན་ཅུ་དོན་བདུན་ཡོད་པ་རྣམས་པོ་ཏི་གསུམ་དུ་བསྡུས་ཡོད། མཚན་གཞན། འཇམ་དབྱངས་རྡོ་རྗེ། བློ་བཟང་ཆོས་འཕེལ། |