27880
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། གསང་སྔགས་ཀྱི་གཞུང་ནས་དངོས་གཞི་བཟླས་བརྗོད་ཀྱི་སྐབས་སུ་སྔགས་ཟློ་སྟངས་ཀྱི་མན་ངག་ལ། ཡིད་ཀྱིས་བཟླས་པ་དང་། ཤུབ་བུར་བཟླས་པ་དང་། དབྱངས་སུ་བཟླས་པ་གསུམ་དུ་གྲགས་པའི་ཡ་གྱལ་ལས་གསུམ་པ་དབྱངས་སུ་བཟླས་པ་སྟེ། འོད་གསལ་སྙིང་པོ་ལས། གསུམ་པ། དབྱངས་བཟླས་ལ་དྲུག་སྟེ། དང་པོ་སྔགས་ཀྱི་ཡི་གེ་སྒྲ་སྒྲོགས་པའི་དབྱངས། གཉིས་པ་མཁུར་བ་དབུགས་ཀྱི་རླུང་འབྱིན་པའི་དབྱངས། གསུམ་པ་ཚངས་པའི་དབྱངས་ཀྱི་འདྲེན་ཚུལ་གྱི་དབྱངས། བཞི་པ་འཁུན་ཞིང་གདུང་བའི་སྒྲ་འབྱིན་པའི་དབྱངས། ལྔ་པ་འབྲུག་སྒྲ་ལྟར་ཟབ་ཅིང་སྒྲོགས་པའི་དབྱངས། དྲུག་པ་རྡོ་རྗེ་སྲིན་པོའི་ངུར་སྐད་ཀྱི་དབྱངས་བཅས་དྲུག་ཏུ་བཟླ་བ་སྟེ། དང་པོ། སྔགས་ཀྱི་ཡི་གེ་སྒྲ་སྒྲོགས་པའི་དབྱངས་ནི། སྒྲ་ཧ་ཅང་མི་ཆེ་མི་ཆུང་ངག་མི་མྱུར་མི་དལ་བ་བཞི་དང་། གཞན་ལ་སྨྲ་བཞིན་དུ་མ་ཡིན་པ་དང་། གཡེང་བཞིན་བཟླས་པ་མིན་པ་དང་། སྔགས་འབྲུ་ལ་ཆད་པ་མེད་པ་དང་། ལྷག་པ་མེད་པ་དང་། ཀླད་ཀོར་སོགས་ཡན་ལག་ཕྲ་མོ་ཡང་མ་ཉམས་པས་སྒྲ་དག་པ་དང་། ཡི་གེ་རང་རང་གི་སྐྱེ་གནས་དང་བྱེད་པ་སོགས་མ་ལོག་པར་ཟུར་ཕྱིན་པར་བརྗོད་པ་སྒྲ་གསལ་བ་སྟེ། ཡོན་ཏན་བཅུ་དང་ལྡན་པར་བཟླས་པའོ། །གཉིས་པ། མཁུར་བ་དབུགས་ཀྱི་རླུང་འབྱིན་པའི་དབྱངས་ནི་ལྕེ་ཡ་རྐན་ལ་གཏད། དབུགས་སྣ་བུག་ཏུ་དབྱུང་སྟེ་བུང་བའི་སྐད་ལྟར་ཁོང་དལ་ཞིང་རྒྱུན་རིང་བར་མཁུར་བའི་དབུགས་ཀྱི་རང་ཤུགས་ཙམ་དང་བསྟུན་ཏེ་སྒྲ་ལྷོད་པོར་བཟླ་བའོ། །གསུམ་པ། ཚངས་པའི་དབྱངས་ཀྱི་འདྲེན་ཚུལ་གྱི་དབྱངས་ནི། སྐད་སྙན་ཞིང་ཕྲ་ལ་དཀྱུས་རིང་བ་འགྱུར་ཁུགས་ཀྱི་དེའུ་དང་བཅས་པར་སོ་བསྡམས་ནས་ཚངས་པའི་དབྱངས་བཞིན་ཡིད་འཕྲོག་པའི་ཉམས་དང་ལྡན་པར་བཟླ་བའོ། །བཞི་པ། འཁུན་ཞིང་གདུང་བའི་སྒྲ་འབྱིན་པའི་དབྱངས་ནི། མཆུ་བཙུམ་ཞིང་ལྕེ་ཡ་རྐན་ལ་གཏད་དེ་གཅོམ་ཆུང་བའི་གདངས་ཀྱིས་རྔ་མོང་གི་བུ་སྟོར་བ་ལྟར་འཁུན་ཞིང་གདུང་བའི་ཚུལ་དུ་བཟླའོ། །ལྔ་པ། འབྲུག་སྒྲ་ལྟར་ཟབ་ཅིང་སྒྲོགས་པའི་དབྱངས་ནི། འབྲུག་གི་སྒྲ་ལྟར་གདངས་ཆེ་ཞིང་དྲག་ལ་ཚིག་འབྲུ་ཅུང་ཟད་མྱུར་བ་ངར་ངར་པོ་བྲག་ཁ་ནས་ཆུ་དྲག་ཏུ་འབབ་པ་ལྟར་བཟླས་པའོ། །དྲུག་པ། རྡོ་རྗེ་སྲིན་པོའི་ངུར་སྐད་ཀྱི་དབྱངས་ནི། མཆུ་བཙུམས་ཏེ་བུང་བ་རྫ་མར་བཅུག་པ་ལྟར་ཚིག་འབྲུ་མི་གསལ་ཞིང་སྐད་གདངས་ཆེ་བ་སྲིན་པོ་ཁྲོས་པའི་ངུར་སྒྲའི་ཚུལ་དུ་བཟླས་པའོ། །དེ་དག་ལ་དབྱངས་དྲུག་ཏུ་བརྗོད་དེ། རིམ་པ་ལྟར། ཅང་ཀ་དེའུ་དང་། པང་ཀ་དེའུ། བྲེང་ངེ་བ་དང་། དུང་ངེ་བ། ཤར་ཏ་པ་དང་། གར་ཏ་པ་ཞེས་བྱ་ལ། དབྱངས་དེ་དག་གནས་སྐབས་དང་བསྟུན་ཏེ་བརྗོད་པར་བྱའོ། །ཡང་སྲིན་པོ་ངུར་སྒྲ་ཤར་ཏ་པ། འབྲུག་སྒྲ་གར་ཏ་པ། མཁུར་དབུགས་ཅང་ཀ་དེའུ། མཁུན་གདུང་པང་ཀ་དེའུ། སྔགས་སྒྲ་སྒྲོག་པ་བྲེང་ངེ་བ། ཚངས་དབྱངས་ལ་དུང་ངེ་བ་ཞེས་ཀྱང་གསུངས། དབྱངས་དྲུག་ལ་རྣམ་པར་བཞག་པ་གཞན་ཡང་ཡོད་དོ། །ཞེས་གསུངས། |
| Domain | ཆོས་ལུགས། |