28663

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དམིགས་པ་མེད་པའི་སྙིང་རྗེ་ (1)
Part of speech མིང་ཚིག
Definition མདོ། དབུ་མ། སེམས་ཅན་སྒྱུ་མ་ལྟ་བུ་ལ་དམིགས་ནས་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་ནོ། །དེ་ནི་བྱང་ཆུབ་སེམས་པ་རྣམས་དང་སངས་རྒྱས་རྣམས་ལ་མངའོ། །ཞེས་རེད་མདའ་བའི་དབུ་འཇུག་རྣམ་བཤད་ལས་གསུངས་སོ། ། རང་བཞིན་གྱིས་སྟོང་པར་དམིགས་ནས་སངས་རྒྱས་ལ་འགོད་པར་འདོད་པའི་རྣམ་པ་ཅན། བྱེད་ལས་ནི། སྲིད་ཞི་མཐའ་དག་གི་རྒུད་པ་ལས་སྐྱོབ་པའི་བྱ་བ་བྱེད་དོ། །ས་མཚམས་ནི། ཐེག་ཆེན་གྱི་མཐོང་ལམ་ཡན་ཆད་ན་ཡོད་དོ། །ཞེས་ཀུན་མཁྱེན་རོང་སྟོན་གྱིས་དབུ་འཇུག་རྣམ་བཤད་ལས་གསུངས་སོ། ། རང་བཞིན་གྱིས་སྟོང་པས་ཁྱད་པར་དུ་བྱས་པའི་འགྲོ་བ་ལ་དམིགས་ནས་སངས་རྒྱས་ཉིད་ཡང་དག་པར་ཐོབ་པར་འདོད་པའི་སྒོ་ནས་སྐྱོབ་པར་འདོད་པའི་རྣམ་པ་ཅན། དེའི་དམིགས་ཡུལ་ནི་སོ་སྐྱེ་དང་ཉན་རང་སློབ་པ་རྣམས་དང། དེའི་སྟེང་དུ་ཉན་རང་མི་སློབ་པ་དང་། ས་བཅུའི་རྗེས་ཐོབ་ལ་གནས་པའི་བྱང་སེམས་དང། དེ་དག་གི་སྟེང་དུ་ས་བཅུའི་མཉམ་བཞག་ལ་གནས་པའི་བྱང་སེམས་རྣམས་ཀྱང་ཡིན་པར་ཤེས་པར་བྱའོ། །དམིགས་པའི་ཁྱད་པ་ནི། ཟླ་བར་སྣང་ཡང་ཟླ་བའི་རང་བཞིན་གྱིས་སྟོང་པར་མཐོང་བ་ལྟར་རང་བཞིན་གྱིས་སྟོང་པས་ཁྱད་པར་དུ་བྱས་པའི་འགྲོ་བ་ལ་དམིགས་པའོ། །ཞེས་ཀུན་མཁྱེན་གོ་རམས་པས་འཇུག་པའི་དཀའ་འགྲེལ་ལས་གསུངས་སོ། ། བྱང་སེམས་ཀྱི་རྒྱུད་ཀྱི་སྙིང་རྗེ་གང་ཞིག། རང་གི་དམིགས་ཡུལ་དུ་གྱུར་པའི་སེམས་ཅན་རང་བཞིན་གྱིས་མི་དམིགས་པར་མཐོང་ནས། སྡུག་བསྔལ་དེ་ལས་སྐྱོབ་པའི་རྣམ་པ་ཅན་དེ་འདིར་བསྟན་དམིགས་མེད་ལ་དམིགས་པའི་སྙིང་རྗེའི་མཚན་ཉིད། སྙིང་རྗེ་དེ་ཡི་དམིགས་ཡུལ་ནི། སོ་སོའི་སྐྱེ་བོ་དང་ཐེག་དམན་སློབ་པ་འཕགས་པ་རྣམས་དང། ཉན་རང་མི་སློབ་པ། ས་བཅུའི་རྗེས་ཐོབ་ལ་གནས་པའི་བྱང་སེམས་རྣམས་དང། དེ་དག་གི་སྟེང་དུ་ས་བཅུའི་མཉམ་བཞག་ལ་གནས་པའི་བྱང་སེམས་རྣམས་འདིར་བསྟན་སྙིང་རྗེ་གསུམ་པའི་དམིགས་ཡུལ་ཡིན་ཏེ། བྱང་སེམས་འཕགས་པའི་རྒྱུད་ལ་སེམས་ཅན་ཐམས་ཅད་རང་བཞིན་གྱིས་མི་དམིགས་པར་རྟོགས་པའི་སྙིང་རྗེ་ཡོད་པའི་ཕྱིར་རོ། །ཞེས་པཎ་ཆེན་ངག་ཆོས་ཀྱིས་དབུ་འཇུག་སྤྱི་དོན་ལས་གསུངས་སོ། །
Domain ཆོས་ལུགས།