29112

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དིང་རི་ཟུར་ཕུག་དགོན་ (1)
Part of speech མིང་ཚིག
Definition དིང་རི་ཟུར་ཕུག་དགོན་འདི་ནི། དེང་གི་གནས་ཡུལ། བོད་དབུས་སྟོད་དིང་རིའི་ཡུལ་ཁོངས་ནས། རྩིབས་རིའི་རི་བརྒྱུད་དུ་སེང་བྲག་དགོན་གྱི་གཡོན་རིའི་འདབས་སུ་ཆགས་ཡོད་ཅིང་། སྔར་ཁུལ་དེར་འབྲུག་པ་བཀའ་བརྒྱུད་པའི་ཟུར་ཕུག་དགོན་དང་། དེའི་ཤར་གྱི་རི་འདབས་སུ་རི་བོ་དགེ་ལུགས་པ། ལོ་པཎ་དགོན་གཉིས་ཕན་ཚུན་དུ་ཆགས་ཡོད། གཏམ་དཔེར་ཡང་། ལོ་པཎ་ལོ་ཟུར་ལས་ཀྱིས་འཐབ། །སྦྱིན་བདག་དད་པ་མ་ལོག་ཨང་། །ཞེས་བཤད་སྲོལ་ཡོད། ཟུར་ཕུག་དགོན་འདི་ནི་ཐོག་མར་རྗེ་སྤྱན་སྔ་བ་རིག་ལྡན་གྱི་དངོས་སློབ། ཀུན་མཁྱེན་ཟུར་ཕུག་པའི་ཐུགས་སྲས་འབའ་ར་བ་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོས་ཕྱག་བཏབ། རྗེ་དེ་ཉིད་ནི་རྒྱལ་བ་ཡང་དགོན་པའི་སྐུ་སྐྱེར་གྲགས། གནས་འདིར་མཁས་དབང་སངས་རྒྱས་རྡོ་རྗེ་སོགས་སྐྱེས་བུ་མང་དུ་བྱོན་པ་མ་ཟད་མཁས་དབང་སངས་རྒྱས་རྡོ་རྗེས། ས་འདི་ག་ཤེད་རྒྱལ་གྱི་ཤྲཱིའི་རྩེ། །དཔལ་སྒྲུབ་པའི་ཞིང་ཁམས་ཟུར་ཕུག་ཏུ། །སེམས་རྣམ་གཡེང་གི་འཁོར་ལོ་བསྐོར་བཞིན་པར། །སྐྱོ་གྲོགས་སུ་བླངས་པ་གསན་འཚལ་ལོ། །ཞེས་དང་། ས་ག་ཤེད་ཤྲཱི་ཟུར་ཕུག་ན། །ཆོས་མི་རྟག་སྟོན་པའི་སློབ་དཔོན་བཞུགས། །རྟག་འཛིན་གྱི་མཚན་མ་རང་སར་གྲོལ། །ཕ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །སྔར་གྲུབ་ཐོབ་ཀྱི་སློབ་དཔོན་གྲངས་ཡས་ལ། །མཁས་བཙུན་གྱི་སློབ་ཚོགས་དཔག་མེད་འདུས། །དུས་དེང་སང་ཛ་ཛོར་ཁྱག་ཁྱོག་འགའ། །ཀྱེ་ཧུད་ཅེས་སྣང་བའི་སྐྱོ་བ་ལ། །སྔོན་གཙུག་ལག་ཁང་ཆེན་འོད་འབར་བ། །གྲངས་མེད་ཀྱིས་ས་གཞི་དོག་པོར་བྱས། །དུས་དེང་སང་རྩིག་རོ་འབར་འབུར་ཙམ། །ཀྱེ་ཧུད་ཅེས་སྣང་བའི་སྐྱོ་བ་ལ། །སྔོན་མི་ལ་རས་ཆེན་ཕ་གཞིས་སུ། །བྱོན་པའི་ཚེ་ཅ་ཅོའི་གདུང་དབྱངས་ཤོར། །དུས་དེང་སང་རེས་མོས་བདག་ལ་བབ། །ཀྱེ་ཧུད་ཅེས་སྣང་བའི་སྐྱོ་བ་ལ། །རྗེ་ཟུར་ཕུག་རིན་ཆེན་དཔལ་བཟང་པོས། །བཀའ་གཏད་ཀྱི་སློབ་དཔོན་མེད་དམ་ཅི། །ཁ་ཆག་སྣ་རལ་གྱི་དགོན་གོག་འདི། །ཀྱེ་ཧུད་ཅེས་སྣང་བའི་སྐྱོ་བ་ལ། །ཕཊཿསྐྱོན་སྐྱོན་ཐོག་ཏུ་སྐྱུར་ལ་ཞོག་ཅེས་ཐོངས། །སྐྱོན་མཁན་དམིགས་མེད་ཀྱི་ངང་དུ་འབྱམས་ཀླས་སོ། །ཆོས་ཀུན་རྫོབ་པ་འདི་བླ་མའི་བཀའ་དྲིན། །འདི་ནི་ཟུར་ཕུག་བླ་བྲང་དུ་ཕུག་རོན་རྣམས་དང་བཀའ་བགྲོས་ཏེ་སྐྱོ་བའི་རྒྱང་གླུ་ཚིག་གསུམ་པོ་འོང་གུའི་འོང་གུའི་སྒྲ་ལས་དྲངས། ཞེས་གསུངས་ཤིང་དགོན་གནས་ཉམས་པ་རྣམས་སླར་གསོ་མཛད་ནས་ཡུན་རིང་བཞུགས། ཕྱིས་སུ་རབ་བྱུང་བཅུ་བཞི་པའི་སྐབས་གྲྭ་པ་སུམ་ཅུ་སོ་དྲུག འཁོར་སྡོད་གཅིག སྐུ་གཉེར་བཅས་ཁྱོན་བསྡོམས་བླ་གྲྭ་སུམ་ཅུ་སོ་བརྒྱད་ཙམ་བྱུང་བའི་ལོ་རྒྱུས་ལྡན། རྒྱ་ཡི་ཉམས་ཉེས་འོག་ཕྱི་ལོ་ ༡༩༦༣ ལོར་དགོན་འདི་ཉིད་ཀྱང་འཐོར་བརླག་ཏུ་སོང་ནས་དེང་སྐབས་གྱང་རོ་ལས་དགོན་འཛིན་མཁན་སུ་ཡང་མེད།

{{#arraymap:དིང་རི་ཟུར་ཕུག་དགོན་

|; |@@@ | | }}