29648
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཚད་མ། རྩ་བར། བསམ་གྱིས་མི་ཁྱབ་ཡེ་ཤེས་ཅན། །དེ་ཡི་མཁྱེན་པ་དཔག་མི་ནུས། །ཞེས་བྱ་བ་ནི། གཉིད་ཀྱིས་བསླད་པ་ཙམ་གྱིས་ཀྱང་སད་པའི་བློ་དཔག་མི་ནུས་ན་གཟུང་བ་དང་འཛིན་པས་བསླད་པའི་ཚུ་རོལ་མཐོང་བའི་སོ་སོ་སྐྱེ་བོས་གནས་གྱུར་པའི་ཡེ་ཤེས་དཔག་ནུས་རེ་སྐན། དེས་ན་གནས་གྱུར་པའི་ཕྱིར་དུས་གསུམ་དང་ཕ་རོལ་གྱི་སེམས་མཁྱེན་པ་ལ་སོགས་པ་བསམ་གྱིས་མི་ཁྱབ་བོ། །དེའང་རྣམ་འགྲེལ་ལས། གཟུགས་སོགས་དང་ནི་སེམས་དེ་ལྟར། །གཟུང་བའི་མཚན་ཉིད་དཔྱོད་པ་འདི། །མ་དག་བློ་ཅན་ལ་ཡིན་གྱི། །རྣལ་འབྱོར་རྟོགས་པ་བསམ་མི་ཁྱབ། །ཅེས་བྱ་བ་དང་། རྣམ་ངེས་ལས། འདི་ནི་ཀུན་ཏུ་ཐ་སྙད་པའི་ཚད་མའི་དབང་དུ་བྱས་པ་ཡིན་གྱི་ཞེས་གསུངས་པ་ལྟར་རོ། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། ། འོ་ན་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་འདས་མ་འོངས་མི་མཁྱེན་ན་ཤེས་བྱ་ཀུན་མཁྱེན་པར་མི་རུང་ལ། མཁྱེན་ན་འདས་མ་འོངས་ཀྱི་རྣམ་པ་སྣང་ནས་མཁྱེན་དགོས་ལ། དེ་ལྟར་ན་དུས་གསུམ་རྫས་སུ་གྲུབ་པར་འགྱུར་རོ་ཞེ་ན། སངས་རྒྱས་ཆོས་ཅན། ཁྱོད་ཀྱི་དུས་གསུམ་མཁྱེན་ཚུལ་སོགས་སོ་སོ་སྐྱེ་བོའི་བློས་དཔག་པར་མི་ནུས་ཏེ། མ་དག་པའི་སྣང་ཆ་འདི་ཀུན་དག་པའི་སྣང་བར་གནས་གྱུར་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་བརྙེས་པ་ཅན་ཡིན་པའི་ཕྱིར། དེ་སྐད་དུ། རྣམ་འགྲེལ་ལས། རྣལ་འབྱོར་རྟོགས་པ་བསམ་མི་ཁྱབ། །ཅེས་དང་། འདིར་ཡང་། བསམ་གྱིས་མི་ཁྱབ་ཡེ་ཤེས་ཅན། །དེ་ཡི་མཁྱེན་པ་དཔག་མི་ནུས། །ཞེས་གསུངས་སོ། །ཞེས་མཁན་ཆེན་ངག་ཆོས་ཀྱི་ལེགས་བཤད་དཔལ་སྟེར་ལས་སོ། ། |
| Domain | ཆོས་ལུགས། |