29793
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གཡུང་དྲུང་བོན་རྣམས་ཀྱིས་བཞེད་སྲོལ་ལྟར་ན། སྟོན་མཆོག་གཤེན་རབ་མི་བོ་ཆེ་ཞང་ཞུང་སྒོ་ཕུག་བར་གསུམ་དུ་ཕྱེས་པའི་ཞང་ཞུང་ཕུག་པ་རྟག་གཟིགས་འོལ་མོ་ལུང་རིང་དུ་སྐུ་སྐྱེ་བ་(འཁྲུངས་འདས་ཕྱི་ལོའི་སྔོན་༡༦༠༡༧-༧༨༡༧) བཞེས་ནས། བསྟན་པའི་འཕྲིན་ལས་བསམ་ལས་འདས་པ་སྤེལ་བའི་ཁོངས་སུ་བཀའ་འཁོར་ཐོག་མཐའ་བར་གསུམ་བཅས་རིམ་པ་གསུམ་དུ་བསྐོར་བའི་བཀའ་འཁོར་ཐོག་མ་བསྐོར་བའི་མཇུག་རྟིང་དུ། སྟོན་པའི་མཛད་པ་བཅུ་གཉིས་ལས་བསྟན་པ་སྤེལ་བའི་མཛད་པ་མཇུག་འགྲུབ་ནས། ཕག་གི་ལོ་ལ་ཕྱིན་པའི་དུས་དང་། ས་ཡི་ལྷ་མོ་བརྟན་མས་བཀྲ་ཤིས་ཀྱི་བུམ་པ་ཕུལ་བ་དང་། ས་བདག་ཁྱབ་པ་དབང་ཆེན་གྱིས་གསེར་གྱི་འཁོར་ལོ་ཕུལ་བའི་དུས་དང་རྟེན་འབྲེལ་འཛོམ་པའི་དུས་དེར། སྟོན་པ་ཐུགས་རྗེ་ཅན་ནི་མི་ལོ་གཅིག་ཁྲི་ཉིས་སྟོང་དང་། གཤེན་ལོ་བཅུ་གཉིས་བཞེས་ཡོད། མ་ཟད་འོལ་གླིང་གི་ལྷོ་ཕྱོགས་ཀྱི་གླིང་དབང་ཆེན་ས་བདག་གླིང་། ཡུལ་མོན་ཡུལ་སུམ་སྟོད། གྲོང་ཁྱེར་ཆེན་པོ་གབ་རྩེ་གླིང་ཆེན་ཞེས་པའི་གནས་དེར། ས་ཡི་ལྷ་མོ་བརྟན་མས་སྟོན་མཆོག་ཉིད་གདན་ཞུ་ལྟར། སྟོན་པས་ཀྱང་ཞལ་བཞེས་གནང་ཞིང་ཕེབས་ཏེ། དེར་འཚོགས་ཀྱི་ས་བདག་ལྕམ་དྲལ་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པའི་ས་གནས་དེའི་སེམས་ཅན་སོགས་ཀྱི་སྒྲིབ་སྦྱང་ཆེད། དག་པའི་ཞིང་ལ་མཆོད་བཤགས་ཕུལ་བ་དང་། བོན་འཁོར་བསྐོར་བའི་ཕོ་བྲང་གསས་ཁང་བཞེངས་རྒྱུ་དང། ཞལ་བསྐོས་རབ་གནས་སོགས་མཛད་གསོལ་ཞུ་བར་བརྟེན། སྟོན་པས་ཀྱང་བཟོ་རྒྱལ་གར་མ་ལོ་ཤོ་དང་འཛམ་གླིང་བསྟན་པའི་རྒྱན་དྲུག་བཅས་ལ་ཕོ་བྲང་གསས་ཁང་དེའི་ཕྱི་ནང་བཀོད་པ་བསྐོས་པ་གནང་སྟེ། ཕྱི་བཀོད་ནི་གཟི་བརྗིད་པོད་བཞི་བར་གསལ། ནང་གི་བཀོད་པ་ནི་གསས་ཁང་དབུ་མར་དབང་ལྡན་དུས་ཀྱི་འཁོར་ལོའི་གཙོ་འཛིན་གྱི་ལྷ། ཀུན་ཏུ་བཟང་པོ་ལྷ་ཆེན་འཕྲིན་ལས་མཐའ་ཡས་གཙོས་པའི་ཞི་རྒྱས་དབང་དྲག་གི་ལྷ་དང་། བར་འཁྱམས་ལ་དུས་གསུམ་གྱི་སངས་རྒྱས་དང་ཕྱོགས་བཅུའི་ཞིང་ཁམས་ཀྱི་བཀོད་པ་དང་། འདོད་ཡོན་ར་བས་བསྐོས་ཤིང། ཕྱི་སྒོ་ལ་སྒོ་སྲུང་བཞི་བཀོད། གསས་ཁང་ཐོག་ཕུབ་ཏུ་ཀུན་དབྱིངས་རྒྱལ་བའི་དཀྱིལ་འཁོར་བཀོད། དེའི་སྟེང་ཡང་ཕུབ་རྩེ་བརྒྱད་ལས། སྐོས་མཁར་བཞི་ལ་བདེར་གཤེགས་གཙོ་བཞི། ཕྱྭ་མཁར་བཞི་ལ་གསས་ཆེན་བཞི། དབུ་མ་རྒྱལ་བ་རྒྱ་མཚོའི་ཞིང་བཅས་ནང་གི་བཀོད་པའོ། །དེ་དག་སྟོན་པའི་ཐུགས་རྗེ་དང་ས་བདག་རྒྱལ་པོའི་བསོད་ནམས་ཀྱིས་དགུང་ཟླ་གཉིས་དང་ངོ་གསུམ་གྱི་ནང་དུ་ལེགས་གྲུབ་བྱུང་བས། མཚན་ཡང་གསས་ཁང་བ་རབ་ཡོངས་འདུལ་ཞེས་གསོལ་ཡོད། དེའི་ཚེ་དེའི་དུས་ན། ཚངས་པ་གཙུག་ཕུད་ཀྱིས་གུས་མདུན་དང་བཅས་མེ་ཏོག་ཀ་ན་ཀ་རི་ཞིག་ཕུལ་ནས་བསྟོད་ཚིག་དབྱངས་ཀྱི་སྣེ་དྲངས་ཏེ་གསོལ་བ་ལ། བཀྲ་ཤིས་ཞལ་བསྲོ་ཞུ་ཞུས་པས། འཁོར་རྣམས་ཀྱི་རྫས་དང་ཡོ་བྱད་བསགས་ནས་མངའ་དབུལ་རབ་གནས་ཀྱི་ཆོ་ག་ལ་སྔོན་འགྲོ་དང་། དངོས་གཞི། རྗེས་བྱ་དང་གསུམ་ཚང་བའི་དུས་འཁོར་གྱི་ཆོ་ག་འདི་ཉིད་བགྱི་སྟེ་བྱུང་བ་ཡིན་ཞིང་། དུས་འཁོར་ལ་ཡང་མདོ་རྒྱུད་གཉིས་སུ་ཡོད། ཆོ་ག་འདི་ཉིད་དུས་ཕྱིས་སུ་བྱུང་ཚུལ་ནི། མཆོག་སྤྲུལ་བློ་ལྡན་སྙིང་པོ་ལ་སྙན་དུ་བརྒྱུད་ནས་དར་ཡོད། |