308

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀ་ལཱ་པའི་རྣམ་བཤད་ལེགས་སྦྱར་རབ་གསལ་སྣང་བ་ (1)
Part of speech མིང་ཚིག
Definition སྒྲ་ཀ་ལཱ་པའི་མདོའི་རྣམ་བཤད་ཅིག་སྟེ། གཞུང་མཚན་རྒྱས་པ་ནི། སྒྲའི་བསྟན་བཅོས་ཀ་ལཱ་པའི་མདོའི་རྣམ་བཤད་ལེགས་སྦྱར་རབ་གསལ་སྣང་བ་ཞེས་བྲིས། མཛད་པ་པོ་ནི་ཇོ་ནང་བ་ས་བཟང་མ་ཏི་པཎ་ཆེན་བློ་གྲོས་རྒྱལ་མཚན། གཞུང་དེར། མཚམས་སྦྱོར་ལྔ་དང་། མིང་ལེའི་ཊཱིཀ་དང་། ཀུན་བཤད་ཀྱི་ཊཱིཀ་དང་། ཀྲྀཏ་སོགས་རྐྱེན་གྱི་ཊཱིཀ་བཅས་ས་བཅད་བཞིའི་སྒོ་ནས་གསུངས་འདུག ཇི་ལྟར་གསུངས་པའི་ཚུལ་ཡང་གཞུང་དེའི་མཇུག་ཏུ། ཆོས་ཀྱི་རྗེ་དཔང་ལོ་ཙཱ་བ་ཆེན་པོའི་ལེགས་པར་བཤད་པའི་བཀའ་དྲིན་དང་། ཙནྡྲ་པའི་མདོ་དང་དེའི་སྐབས་དང་པོའི་འགྲེལ་བ་དང་། འདི་ཉིད་ཀྱི་འགྲེལ་བ་དུརྒ་སིང་ཧ་དང་། སློབ་མ་ལ་ཕན་པ་དང་། འདི་ལ་མཁོ་བའི་བསྟན་བཅོས་བྱིངས་ཀྱི་གླེགས་བམ་འགྲེལ་པ་དང་བཅས་པ་དང་། ཨུཎ་སོགས་ཀྱི་མདོ་རྩ་འགྲེལ་དང་། ཡི་གེའི་རྩ་འགྲེལ་དང་། མིང་གི་མངོན་བརྗོད་ཨ་མ་ར་ཀོ་ཥ་དང་། བི་ཤྭ་པྲ་ཀཱ་ཤ་དང་། རྟགས་གསུམ་གྱི་བསྟན་བཅོས་འཇམ་དབྱངས་གྲགས་པས་མཛད་པ་དང་། མང་ཧིཀ་ཝིས་མཛད་པ་ལ་སོགས་པའི་ལེགས་བཤད་ལ་བརྟེན་ནས། རང་གི་སློབ་མ་ལོ་ཙཱ་བ་དཔལ་ལྡན་སྨྲ་བའི་སེང་གེས་གོང་འོག་གི་མདོ་འཚོལ་བ་དང་། ཡི་གེ་ལ་སོགས་པའི་གྲོགས་ལེགས་པར་བྱས་ཏེ། ལེགས་བཤད་རྩོམ་པ་ལ་བློ་གྲོས་ཀྱི་སྣང་བ་གསལ་བ་བོད་ཀྱི་པཎྜི་ཏ་བློ་གྲོས་རྒྱལ་མཚན་དཔལ་བཟང་བོས་དགེ་ལྡན་ས་བཟང་ཆོས་ཀྱི་ཕོ་བྲང་དུ་ལེགས་པར་སྦྱར་བ། ཞེས་བྱུང་།