30912

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དོན་དམ་པའི་སྐྱབས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། དངོས་པོའི་གནས་ཚོད་ལ་ལམ་གྱི་བགྲོད་པ་མཐར་ཐུག་པའི་སྐྱབས་གསུམ་གང་རུང་ཞིག་ལ་འཇོག མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། དངོས་པོའི་གནས་ཚོད་ལ་བགྲོད་པ་མཐར་ཐུག་པའི་སྐྱབས་དེ་དོན་དམ་པའི་སྐྱབས་ཀྱི་ངོ་བོ། ས་མཚམས་སངས་རྒྱས་ཀྱི་ས་ཁོ་ན་ལ་ཡོད། འདིར་དོན་དམ་པའི་སྐྱབས་དང་ཀུན་རྫོབ་པའི་སྐྱབས་གཉིས་ལ་ཅུང་དཔྱད་ན། སྔ་མ་ཁ་ཅིག རྩ་ཤེས་ལས། བཅོམ་ལྡན་འདས་ཀྱིས་ཆོས་གང་ཞིག ། བསླུ་བ་དེ་ནི་རྫུན་ཞེས་གསུངས། །འདུས་བྱས་ཐམས་ཅད་བསླུ་བའི་ཆོས། །དེས་ན་དེ་དག་རྫུན་པ་ཡིན། །ཞེས་གསུངས་པ་ལ་བརྟེན་ནས་ཀུན་རྫོབ་པའི་སྐྱབས་ཐམས་ཅད་འདུས་བྱས་ཀྱི་སྐྱབས་དང། དོན་དམ་པའི་སྐྱབས་ཐམས་ཅད་འདུས་མ་བྱས་ཀྱི་སྐྱབས་སུ་སྨྲ་ཞིང། དེ་ཉིད་རྒྱུད་བླ་མའི་འགྲེལ་ཆེན་གྱི་དོན་དུ་འཆད་པ་ནི་མི་འཐད་དེ། འགྲེལ་པ་དེ་ནས་བཤད་པའི་འདུས་བྱས་དང་སྐབས་འདིར་རྩ་ཤེར་གསུངས་པའི་འདུས་བྱས་གཉིས་དོན་མི་གཅིག་པའི་ཕྱིར་ཏེ། སྔ་མ་ལས་ཉོན་གྱིས་འདུས་བྱས་པ་ལ་བཤད་ཅིང་ཕྱི་མ་རྒྱུ་རྐྱེན་གྱིས་འདུས་བྱས་པ་ལ་བཤད་པའི་ཕྱིར། དེ་ལྟ་མ་ཡིན་ན་གཟུགས་སྐུ་གཉིས་ལམ་གྱི་བགྲོད་པ་མཐར་ཐུག་པའི་སྐྱབས་མ་ཡིན་པར་འགྱུར་ཏེ། དེ་དོན་དམ་པའི་སྐྱབས་མ་ཡིན་པར་སྨྲས་པའི་ཕྱིར། རང་ལུགས་དེ་གཉིས་ཀྱི་ཁྱད་པར་ནི། ལུང་གི་ཆོས་འཁོར་ཆོས་ཅན། དོན་དམ་པའི་སྐྱབས་མ་ཡིན་ཏེ། དོན་མངོན་སུམ་དུ་རྟོགས་པའི་ཐབས་ཙམ་དུ་བསྟེན་གྱི་དོན་མངོན་པར་རྟོགས་པ་མཐར་ཐུག་པའི་ཚེ་གཟིངས་ལྟར་སྤང་བར་བྱ་བའི་རིགས་སུ་གནས་པའི་ཕྱིར། བྱང་འཕགས་ཀྱི་རྒྱུད་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཆོས་ཅན། དོན་དམ་པའི་སྐྱབས་མ་ཡིན་ཏེ། མ་རིག་བག་ཆགས་ཀྱི་ས་ལ་བརྟེན་དགོས་པས་བསླུ་བའི་ཆོས་ཅན་ཡིན་པའི་ཕྱིར། དམན་པའི་ལྷག་མེད་མྱང་འདས་ཆོས་ཅན། དོན་དམ་པའི་སྐྱབས་མ་ཡིན་ཏེ། སྡུག་ཀུན་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་བའི་ཕྱིར། ཉན་རང་དགྲ་བཅོམ་ཆོས་ཅན། དོན་དམ་པའི་སྐྱབས་མ་ཡིན་ཏེ། ཤེས་སྒྲིབ་ཀྱི་འཇིགས་པ་དང་བཅས་པའི་ཕྱིར་ཏེ། རྒྱུད་བླ་མར། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། །ཆོས་རྣམ་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ཏེ། ཞེས་གསུངས། དེས་ན་སྐུ་གསུམ་གྱི་བདག་ཉིད་ཅན་གྱི་སངས་རྒྱས་དཀོན་མཆོག་ཉག་གཅིག་དོན་དམ་པའི་སྐྱབས་ཡིན་ཏེ། དེས་ཆོས་སྐུ་བརྙེས་ཤིང་སློབ་པ་འཕགས་པའི་ཚོགས་རྣམས་ཀྱང་མཐར་ཐུག་པའི་ཆོས་སྐུ་དེར་བགྲོད་དགོས་པའི་ཕྱིར་ཏེ། རྒྱུད་བླ་མར། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་གསུངས།
Domain ཆོས་ལུགས།