30923
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། དབུ་མ། དོན་དམ་པའི་བདེན་པ་འཇོག་བྱེད་ཀྱི་ཚད་མ་ལ་མཚན་ཉིད་ནི། མཚན་མར་འཛིན་པའི་སྤྲོས་པ་ཐམས་ཅད་བྲལ་བའི་ཡེ་ཤེས་གང་ཞིག གནས་ལུགས་དོན་དམ་པའི་བདེན་པ་ལ་མི་སླུ་བའི་རིག་པའོ། །འདིར་མི་སླུ་ཞེས་པ་ཡང་བཏགས་པ་བ་ཡིན་ཏེ། ཡུལ་གྱི་གནས་ལུགས་སྤྱིར་ཡང་མ་གྲུབ་པ་དང་། བློས་ཅིར་ཡང་མ་བཟུང་བ་གཉིས་མཐུན་པ་ལ་བློས་བཅད་པ་དང་། ཡུལ་གྱི་གནས་ལུགས་མཐུན་ཞེས་ཐ་སྙད་བཏགས་པ་ཙམ་ཡིན་པའི་ཕྱིར་རོ། །དབྱེ་བ་ལ། མཚན་ཉིད་པ་མངོན་སུམ་དང། རྗེས་མཐུན་པ་རྟགས་ལ་བརྟེན་པའི་རིགས་ཤེས་སོ། །དང་པོ་ནི། རྣལ་འབྱོར་མངོན་སུམ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཡིན་ནོ། །གཉིས་པ་ནི། སྤྲོས་བྲལ་གཏན་ལ་འབེབས་བྱེད་ཀྱི་ལུང་དང་རིགས་པ་ལ་བརྟེན་པའི་ཐོས་བསམ་དང་། འཇིག་རྟེན་སྒོམ་བྱུང་གི་བློ་ལ་འཆད་དགོས་པ་ཡིན་ནོ། །ཞེས་པཎ་ཆེན་ཤཱཀྱ་མཆོག་གིས་དབུ་མ་རྣམ་ངེས་བང་མཛོད་ལས་གསུངས་སོ། །འཕགས་པའི་མཉམ་བཞག་ཡེ་ཤེས་ཐམས་ཅད་དེ། དེ་དག་གནས་ལུགས་མངོན་སུམ་དུ་མཐོང་བའི་རྣལ་འབྱོར་མངོན་སུམ་ཡིན་པའི་ཕྱིར་རོ། །ཚད་མ་མཚན་ཉིད་པ་ཡིན་ཏེ། དོན་དམ་བདེན་པ་མཚན་ཉིད་པ་འཇལ་བྱེད་ཀྱི་ཚད་མ་ཡིན་པའི་ཕྱིར་རོ། །ཞེས་མཁན་ཆེན་ངག་ཆོས་ཀྱིས་དབུ་མའི་སྤྱི་དོན་ལས་གསུངས་སོ། ། |
| Domain | ཆོས་ལུགས། |