30961
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རང་རྒྱུད་པ། མདོ། ཕར་ཕྱིན། གདུལ་བྱ་དོན་བསྡུས་པ་ལ་དགའ་བ་དག་རྗེས་སུ་འཛིན་པའི་ཆེད་དུ་དོན་མངོན་པར་རྟོགས་པ་བརྒྱད་ལས་བསྒོམ་བྱ་མཁྱེན་པ་གསུམ་གཅིག་ཏུ་བགྲང་བ་དང་། སྒོམ་བྱེད་སྦྱོར་བ་བཞི་གཅིག་ཏུ་དང་། སྒོམ་པའི་འབྲས་བུ་ཆོས་སྐུ་བཅས་གསུམ་དུ་བསྡུས་ནས་བསྟན་པ་ཞིག་ལ་དོན་བསྡུས་གསུམ་འཇོག་པ་ཡིན་ནོ། །དེའི་ཚུལ་ནི། པཎ་ཆེན་གྱི་ཕར་ཕྱིན་རྩ་ཊཱིཀ་ལས། གཉིས་པ་དོན་གསུམ་དུ་བསྡུ་བ་ལ། མཚམས་སྦྱར། རྩ་བ། འགྲེལ་པའོ། །དང་པོ་ནི། དོན་གྱི་སྤྲོས་པ་བར་མ་ལ་དགའ་བའི་སེམས་ཅན་ལ་ཕན་གདགས་པར་བྱ་བའི་དོན་དུ་དེ་ལྟར་དོན་བསྡུས་པ་དྲུག་གི་སྒོ་ནས་རྣམ་པར་བཤད་ནས་ཡང་དོན་གྱི་སྤྲོས་པ་མདོར་བསྡུས་པ་ལ་དགའ་བའི་སེམས་ཅན་ལ་ཕན་གདགས་པར་བྱ་བའི་དོན་དུ་གསུམ་དུ་བསྡུས་ནས་སྔ་མ་ལས་གཞན་དུ་རྣམ་པར་བཤད་པ། གཉིས་པ་ནི། ཡུལ་ནི་རྣམ་པ་གསུམ་པོ་རྒྱུ། །སྦྱོར་བ་བཞི་ཡི་བདག་ཉིད་དང༌། །ཆོས་སྐུ་འཕྲིན་ལས་འབྲས་བུ་ནི། །དོན་བསྡུས་གཞན་ཏེ་རྣམ་པ་གསུམ། །མཁྱེན་པ་རྣམ་པ་གསུམ་པའི་རྣམ་པ་ཆོས་ཅན། སྦྱོར་བས་སྒོམ་པར་བྱ་བའི་ཡུལ་ནི་ཡིན་ཏེ། དེའི་ཉམས་སུ་བླང་བར་བྱ་བ་ཡིན་པའི་ཕྱིར། སྦྱོར་བ་བཞིའི་བདག་ཉིད་ཆོས་ཅན། མཁྱེན་པ་གསུམ་མཐར་ཐུག་པ་དེའི་རྒྱུ་ཡིན་ཏེ། དེ་ཐོབ་བྱེད་ཀྱི་ཐབས་ཡིན་པའི་ཕྱིར། ཆོས་སྐུ་འཕྲིན་ལས་དང་བཅས་པ་ནི་ཆོས་ཅན། མཁྱེན་གསུམ་སྦྱོར་བའི་འབྲས་བུ་ཡིན་ཏེ། དེའི་ཐོབ་བྱ་མཐར་ཐུག་ཡིན་པའི་ཕྱིར། ཡུམ་གསུམ་གྱི་དོན་བསྡུས་པ་སྔ་མ་གཉིས་ལས་གཞན་དུ་བཤད་པ་ཡིན་ཏེ། ཡུལ་དང་རྒྱུ་དང་འབྲས་བུ་རྣམ་པ་གསུམ་དུ་བཤད་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |