31085

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དོན་སྒྲུབ་ཀྱི་རྟགས་ཡང་དག་ (1)
Part of speech མིང་ཚིག
Definition རྟགས་ཡང་དག་ལ་སྒྲུབ་ཚུལ་གྱི་སྒོ་ནས་གཉིས་དབྱེ་བའི་ཡ་གྱལ་ཞིག་སྟེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། མཚན་ཉིད། ཚུལ་གསུམ་ཚང་བའི་རྟགས་ཡང་དག་གང་ཞིག ། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན་མཚན་ཉིད་ཡིན་པ། སྐད་ཅིག་མ་སྒྲུབ་པ་ལ་རྒྱུ་རྐྱེན་ལས་སྐྱེས་པ་བཀོད་པ་ལྟ་བུ་དང༌། ཞེས་གསུངས།
Domain ཚད་མ།
དོན་སྒྲུབ་ཀྱི་རྟགས་ཡང་དག་ (2)
Part of speech མིང་ཚིག
Definition དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་མཚན་ཉིད་དེ་ལ་ཤེས་འདོད་ཞུགས་པ་ཞིག་ལ་ཟེར་བ་ཡིན་ཏེ། དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། རང་ལུགས་ནི། ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན། མཚན་ཉིད་ཀྱང་ཡིན་པའི་གཞི་མཐུན་པ་སྲིད་པ་དེ། ཁྱོོད་དེ་སྒྲུབ་ཀྱི་དོན་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་མཚན་ཉིད། ཅེས་གསུངས་པའི་ཕྱིར། དབྱེ་ན། དེ་ཡང་དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། དོན་སྒྲུབ་ཀྱི་རྟགས་ཡང་དག་ལ་དབྱེ་ན། དོན་སྒྲུབ་ཀྱི་འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་ལས། མཚན་གཞི་རིམ་པ་ལྟར། དུ་བ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་དོན་སྒྲུབ་ཀྱི་འབྲས་རྟགས་ཡང་དག་དང་། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་དོན་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་དང། མེ་མེད་པ་དེ། མཚན་མོའི་རྒྱ་མཚོར་དུ་བ་མེད་པར་སྒྲུབ་པའི་དོན་སྒྲུབ་ཀྱི་མ་དམིགས་པའི་རྟགས་ཡང་དག་ཡིན། ཞེས་གསུངས་པའི་ཕྱིར།