31114

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དོར་བ་མུ་དྲུག་ (1)
Part of speech རྒྱན་ཚིག
Definition མདོ། འདུལ་བ། བྱེ་བྲག་སྨྲ་བ། སྒྲུབ་པའི་རྗེས་སུ་དགག་པ་རྗེས་བཅས། སྒྲུབ་པའི་རྗེས་སུ་གནང་བ་རྗེས་བཅས། གནང་བའི་རྗེས་སུ་དགག་པ་རྗེས་བཅས། གནང་བའི་རྗེས་སུ་སྒྲུབ་པ་རྗེས་བཅས། དགག་པའི་རྗེས་སུ་སྒྲུབ་པ་རྗེས་བཅས། དགག་པའི་རྗེས་སུ་གནང་བ་རྗེས་བཅས་སོགས་དྲུག་ལ་དོར་བ་མུ་དྲུག་ཅེས་པའི་ཐ་སྙད་མཛད། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དོར་བ་མུ་དྲུག་འཆའ་བར་རིགས་ཏེ། སྔར་བཅས་ཀྱི་རྒྱུ་མཚན་དོར་ནས་རྗེས་བཅས་ཀྱི་རྒྱུ་མཚན་ལ་ཞུགས་པའི་ཕྱིར་དང་། རྒྱུ་མཚན་དོར་བ་ལ་ཡང་གཉིས་ཡོད་དེ། རྒྱུ་མཚན་གཏན་མེད་དུ་དོར་བ་དང་། ཟིལ་གནོན་དུ་དོར་བ་གཉིས་ཡོད་པའི་ཕྱིར། དེ་གཉིས་ཀྱི་ངོས་འཛིན་ཡོད་དེ། གནང་བའི་རྗེས་སུ་དགག་པ་བཅས་པ་ལྟ་བུ་དང་པོ་དང་། དགག་པའི་རྗེས་སུ་གནང་བ་བཅས་པ་ལྟ་བུ་གཉིས་པ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ།
Example རབ་ཏུ་བྱུང་བ་རྣམས་ཀྱིས་ཕྱི་དྲོ་ཟས་ཟོས་པས་ལུས་རྒྱགས་པར་གྱུར་ནས་ཉོན་མོངས་འཕེལ་ཡང་། ནད་པས་ཟས་ཟོས་པ་ལ་ན་བའི་དབང་གིས་ཉེས་པ་དེ་ཟིལ་གྱིས་གནོན་པ་ཡིན་པའི་ཕྱིར། རང་བཞིན་གྱི་ཁ་ན་མ་ཐོ་བ་ལ་དགག་པའི་རྗེས་སུ་དགག་པ་བཅས་པའི་མུ་རྩི་རུང་ཙམ་ཡོད་ཀྱང་། རྗེས་བཅས་མུ་གཞན་བརྒྱད་རྩིར་མི་རུང་སྟེ། རང་བཞིན་གྱི་ཁ་ན་མ་ཐོ་བ་ལ་གནང་བ་མེད་པའི་ཕྱིར། བཅས་རྐྱང་ཡིན་ཀྱང་མུ་བརྒྱད་རྩིར་མི་རུང་བ་ཡོད་དེ། ཆང་ལ་དེ་ལྟར་བཅས་པ་མེད་པའི་ཕྱིར་ཏེ། ཆང་གནང་བའི་སྐབས་མེད་པའི་ཕྱིར། ཁོ་ན་རེ། ཇི་སྐད་བཤད་པ་རྣམས་མི་འཐད་དེ། རྫུན་གནང་བ་ཡོད། ནད་པ་ལ་ཆང་འཐུང་དུ་གནང་བ་ཡོད་པའི་ཕྱིར། རྟགས་གཉིས་ཀ་དེར་ཐལ། རྣམ་འབྱེད་ལས། སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་རྗེས་སུ་བཅས་པ་ཡིན་ཏེ། མངོན་པའི་ང་རྒྱལ་ནི་མ་གཏོགས་སོ། །ཞེས་གསུངས་པ་དང་། ནད་པས་ཞུན་མར་དང་ཆང་བསྲེས་པ་བཏུང་དུ་རུང་བར་གསུངས་པའི་ཕྱིར། ཞེ་ན་མ་ཁྱབ་སྟེ། ལུང་གི་དོན་མངོན་པའི་ང་རྒྱལ་གྱིས་སྨྲས་ན། རྫུན་སྨྲ་བའི་ཕམ་པ་མི་བསྐྱེད་པ་ལ་དགོངས་པ་དང་། ནད་པ་ལ་དེ་གནང་བ་ཆང་གི་དྲི་རོ་མི་མངོན་པའི་དབང་དུ་མཛད་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།