31182
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་གཉིས་པའི་མེ་སྤྲེལ་ཕྱི་ལོ་ ༡༡༡༦ ལོར་གཉལ་བོང་སྙིར་ཡབ་དྭགས་པོ་ལྷ་རྗེའི་གཅེན་པོ་རྒྱ་བ་སེ་རེ་དང་། ཡུམ་ཚེ་ལྕམ་གཉིས་ཀྱིས་སུ་འཁྲུངས། བཅུ་གཅིག་པར་དྭགས་པོ་ལྷ་རྗེ་དང་མཇལ། བཅུ་བདུན་པར་དགེ་བཤེས་མངའ་རིས་པ་ལས་རབ་ཏུ་བྱུང་། རྗེ་སྒམ་པོ་པས་སིན་དྡྷུ་རའི་དཀྱིལ་འཁོར་གྱི་དབང་བསྐུར། བསྐྱེད་རྫོགས་ཀྱི་གདམས་པ་ལེགས་པ་གནང། ཕྱག་རྒྱ་ཆེན་པོ་སྒོམ་མེད་ཀྱི་རྟོགས་པ་འཁྲུངས། ཉི་ཤུ་པར་ཤབ་པ་གླིང་ལས་བསྙེན་པར་རྫོགས། མཚན་ལ་ཚུལ་ཁྲིམས་སྙིང་པོ་ཞེས་གསོལ། རྗེ་སྒམ་པོ་བ་ལས་གདམས་ངག་མ་ལུས་ཞུས། གཉགས་ལྷ་བྱར་མའི་གངས་དང་། ལམ་ཕུག ཤ་འུག་སྟག་སྒོ། གཅན་ཆེན་སྲངས། གསེར་ལེན་སོགས་གནས་ཆེན་རྣམས་སུ་ཕེབས། སོ་ལྔ་པར་དྭགས་ལ་སྒམ་པའི་གདན་སར་མངའ་གསོལ། རྗེ་སྒམ་པོ་བའི་གདུང་རྟེན་གསེར་གྱི་བཀྲ་ཤིས་སྒོ་མང་བཞེངས། མཆོད་ཁང་རྙིང་མ་དང་། སྒོམ་སྡེའི་མཁར་ལས་ཀྱང་མཛད། སྟོད་ལུང་དུ་མཚུར་ (འཚུར་) ལྷ་ལུང་གི་དགོན་པ་བཏབ། རབ་བྱུང་གསུམ་པའི་ས་གླང་ཕྱི་ལོ་ ༡༡༦༩ ལོར་སྐུ་གཤེགས། དྭགས་ལྷ་སྒམ་པའི་གདན་རབས་གཉིས་པ་ཡིན། |