31206
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁོང་ནི། རབ་བྱུང་དགུ་པའི་ནང་གྲྭ་ནང་རྔ་ཡུལ་སྒང་དུ་སྐུ་འཁྲུངས། ཆུང་ངུའི་དུས་ནས་ན་མཉམ་བྱིས་པ་གཞན་དང་མི་འདྲ་བར་ངོ་མཚར་ཆེ་བར་ཡོད་པས་གྲོང་མི་ཀུན་བསྔགས་བརྗོད་ཡང་ཡང་ཐོབ། ཀུན་མཁྱེན་པད་མ་དཀར་པོ་ཕྱོགས་དེར་ཕེབས་པ་དང་མཇལ་བས་རྗེས་སུ་བཟུང་། སྐྱེས་སྦྱངས་ཤེས་རབ་ཀྱི་དཔལ་མངའ་བའི་ཐོག ཐོས་བསམ་སྒོམ་གསུམ་རྒྱ་ཆེར་མཛད་པས་དམ་པའི་ཚུལ་དགུས་བརྒྱན་པའི་སྐྱེས་བུ་ཆེན་པོ་ཞིག་ཏུ་གྱུར། ལྷ་དང་བླ་མའི་ལུང་བསྟན་ལྟར་འབྲུག་དྭངས་ལུང་བསམ་གཏན་ཐེག་མཆོག་གླིང་དགོན་ཕྱག་བཏབ་གནང་སྟེ་གདན་ས་གཙོ་བོ་མཛད། ཕྱིས་སུ་ཡར་འབྲོག་བསིལ་བཅག་སྒྲུབ་སྡེ་ཕྱག་བཏབ་ནས། སྣོད་ལྡན་གྱི་སློབ་མ་དུ་མར་དབང་དང་གདམས་ངག་རྫོགས་པར་གནང་སྟེ་སྒྲུབ་པའི་རྒྱལ་མཚན་བཙུགས། དེ་ཡང། བསིལ་བཅག་ཀ་པ་ལ་ཡི་གཞལ་ཡས་སུ། འགྲོ་མགོན་ཤེས་རབ་དཔལ་བཟང་ལ་གསོལ་འདེབས། རྗེ་འདིར་མགོན་པོ་བྱ་རོག་གདོང་ཅན་གྱིས་ཞལ་ཡང་ཡང་གཟིགས་པ་མ་ཟད། མགོན་པོའི་ལུང་བསྟན་ལྟར་ཡར་འབྲོག་སྒ་འདྲ་ཆུ་ཚན་ཡང་འདོན་གནང་མཛད་པ་སོགས་མཛད་འཕྲིན་མཐའ་ཀླས། དེ་བཞིན་ཐེངས་ཤིག་རྗེ་དེ་ཉིད་ཡར་འབྲོག་ནས་དྭངས་ལུང་དགོན་པར་ཕེབས་པའི་ལམ་བར་དུ། སྤང་ལྷས་ཞེས་པའི་ལུང་པ་ན་ཆུ་མེད་པར་བརྟེན། རི་དྭགས་དགོ་བ་ཁྱུ་ཚོགས་ཤིག་སྐོམ་གདུང་གིས་མནར་བ་གཟིགས་པས། བཟོད་མེད་ཀྱི་སྙིང་རྗེ་ཐུགས་རྒྱུད་ལ་འཁྲུངས་ཏེ། ཡུལ་དེར་ཆུ་འདོན་གནང་མཛད་པས་རི་དྭགས་རྣམས་སྐོམ་གདུང་ལས་གྲོལ་བར་མཛད། དེང་སྐབས་སུའང་སྤང་ལྷས་དགོ་ཁ་ཆུ་མིག་ཅེས། ཡུལ་དེའི་ཕྱུགས་ཀུན་གྱིས་སྤྱོད་བཞིན་ཡོད་པ་ནི་རྗེ་དེ་ཉིད་ཀྱི་གཞན་ཕན་ལས་བྱུང་བ་ཞིག་གོ ། དེས་ན་རི་པ་ཤེས་རབ་དཔལ་བཟང་མཆོག་ནི་སྐུ་ཚེ་ཧྲིལ་པོར་འཆད་ཉན་སྒོམ་སྒྲུབ་དང་གཞན་ཕན་ཁོ་ནས་དུས་འདའ་ཞིང་མཐར་དངོས་ཀྱི་གདུལ་བྱ་རྫོགས་ཏེ་འཁོར་རྣམས་ཆོས་ལ་སྐུལ་མ་གཏོང་ཆེད་གདན་ས་དྭངས་ལུང་བསམ་གཏན་ཐེག་མཆོག་གླིང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམས་སོ། ། |